གཅིག་སྡུད་རིང་ལུགས་ཀྱི་འོག་ལ་ཚུད་མི་འདོད་ན་བོད་ལ་རྒྱབ་སྐྱོར་བྱོས།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱུད་གཅིག་ལམ་གཅིག་ཞེས་པའི་བགྲོ་གླེང་ཚོགས་འདུའི་སྟེང་བོད་ཀྱི་ཞི་བའི་ཐབས་ལམ་ལ་རྒྱབ་སྐྱོར་མ་གནང་ཚེ་དྲག་པའི་ཐབས་ལམ་ལ་རྒྱབ་སྐྱོར་གནང་བ་དང་གཅིག་པ་རེད་ཅེས་གསུངས་འདུགཟླ་འདིའི་ཕྱི་ཚེས་ ༧ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཉིན་གྲངས་ ༡༢ རིང་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་ཡོད་པ་དང་འབྲེལ། ཅེག་སྤྱི་མཐུན་རྒྱལ་ཁབ་(Czech Republic)ཀྱི་རྒྱལ་ས་པི་རག་(Prague)དུ། ཆེད་མཁས་པ་དང་གསར་འགོད་པ་ཁག་ཅིག་གིས་གོ་སྒྲིག་གནང་བའི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཅེས་པའི་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་སྲིད་སྐྱོང་མཆོག་མཉམ་ཞུགས་གནང་སྟེ་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་དང་བོད་ནང་གི་བོད་མི་ཚོའི་དཀའ་སྡུག་སྐོར་ལ་གསུང་བཤད་གནང་ཡོད་འདུག

གསུང་བཤད་གནང་སྐབས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ལ་བཙན་འཛུལ་ཇི་ལྟར་བྱས་པའི་སྐོར་ལ་སྲིད་སྐྱོང་མཆོག་གིས།  རྒྱ་ནག་གིས་བོད་ནང་གཞུང་ལམ་བཟོ་ཕྱིར་བོད་པ་ཚོར་དངུལ་ཏཱ་ཡང་ཕངས་མེད་དུ་སྤྲད་ཡོད། དེར་བརྟེན་སྐབས་དེར་བོད་མིའི་ཁ་རྒྱུན་དུ། རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད། །དངུལ་ཏཱ་ཡང་ཆར་བ་འབབ་འབབ་རེད། ཅེས་གླུ་གཞས་གཏོང་སྲོལ་ཡང་བྱུང་བ་རེད། ཕྱིས་སུ་བོད་པ་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་ཁྲིན་ཏུར་དངུལ་ཏཱ་ཡང་གི་བཟོ་གྲྭ་ཞིག་བཙུགས་ཡོད་པ་དང་། རྒྱ་ནག་གཞུང་གིས་བཟོ་གྲྭ་དེ་ནས་དངུལ་ཏཱ་ཡང་བཟོས་ནས་བོད་པ་ཚོར་སྤྲད་པ་ཞིག་རེད་འདུག ཁོང་ཚོས་རྗེས་མ་བོད་པའི་ལག་ནས་དངུལ་དེ་དག་བསྐྱར་དུ་ཚུར་ལེན་ཐུབ་རྒྱུ་ཡིན་པ་གདེང་ཚོད་རྙེད་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གཞུང་ལམ་བཟོས་ཟིན་རྗེས་བོད་ལ་གོ་མཚོན་དབོར་འདྲེན་གྱི་རླངས་འཁོར་བཏང་ནས་རིམ་བཞིན་བོད་བཙན་བཟུང་བྱས་ཡོད། བཙན་འཛུལ་བྱས་པའི་ཉེར་ལེན་ལ་བརྟེན་ནས་དེ་སྔ་རྒྱ་གཞུང་གིས་བོད་མི་ཚོར་སྤྲད་པའི་དངུལ་ཏཱ་ཡང་དེ་དག་ཕྱིར་བླངས་བ་ཙམ་མ་ཟད། ཐ་ན་བོད་པའི་སྐུ་དྲག་མི་དྲག་ཚོས་རང་ཉིད་རྒྱ་ནག་གི་དབང་འོག་ནས་ཐར་ཆེད་དངུལ་ཏཱ་ཡང་ཧ་ཅང་མང་པོ་ལྐོག་ནས་སྤྲད་པའི་གནས་ཚུལ་ཡང་བྱུང་ཡོད། ཅེས་གསུངས་འདུག

ཡང་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་ནུས་ཤུགས་ལ་བརྟེན་ནས་རྒྱ་བསྐྱེད་རིང་ལུགས་ཀྱི་ལྐོག་ཇུས་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་སླེབས་ཡོད་པའི་སྐོར་ལ་ཁོང་གིས། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་སོགས་ཀྱི་ཤུགས་རྐྱེན་ཡུ་རོབ་ནང་སླེབས་ཟིན་ཡོད་སྟབས། ཁྱེད་ཚོས་རྒྱ་ནག་གཅིག་སྡུད་ལམ་ལུགས་དེར་འགྱུར་བ་གཏོང་རྒྱུ་ཡིན་ནམ། ཡང་ན་ཁྱེད་རང་ཚོ་རང་ཉིད་རྒྱ་ནག་གི་གནོན་ཤུགས་འོག་ཚུད་ནས་རང་དབང་དང་གུ་ཡངས་རྩ་བ་ནས་མེད་ཁར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ལའང་བརྩི་བཀུར་ཞུ་མི་ཐུབ་མཁན་ཞིག་ཆགས་རྒྱུ་ཡིན། གདམ་ག་དེ་གཉིས་ལས་མེད། བོད་ནང་གནས་ཚུལ་ཐབས་སྡུག་པོ་བྱུང་བ་བཞིན་ཁྱེད་ཚོ་ལའང་དེ་ལྟར་འབྱུང་སྲིད་པ་ཞིག་རེད། བོད་དོན་ཆེད་རྒྱབ་སྐྱོར་བྱེད་པ་ནི་དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་། འཚེ་མེད་ཞི་བ། གྲོས་མོལ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་གཅིག་མཚུངས་རེད། འཛམ་གླིང་གི་དཀའ་རྙོག་སེལ་བར་ཐབས་ལམ་གཉིས་ཡོད། དཔེར་ན་བོད་ཀྱི་ཐབས་ལམ་ནི་འཚེ་མེད་ཞི་བ་དང་། ཞི་བདེ། གྲོས་མོལ་བཅས་ཀྱི་ཐབས་ལམ་ཞིག་ཡིན་པ་དང་། གཞན་དེ་ནི་དྲག་པོའི་ཐབས་ལམ་རེད། གལ་ཏེ་ཁྱེད་ཚོས་བོད་ཀྱི་ཐབས་ལམ་ལ་རྒྱབ་སྐྱོར་མ་གནང་ཚེ། ཁྱེད་ཚོས་དྲག་པའི་ཐབས་ལམ་ལ་རྒྱབ་སྐྱོར་གནང་བ་དང་གཅིག་པ་རེད། ཅེས་གསུངས་འདུག

མཇུག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཆེད་ལས་དོན་བྱེད་བཞིན་པ་སོགས་ཀྱི་སྐོར་ལ་ཁོང་གིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཨ་རིའི་རང་དབང་ཁང་པས་(Freedom House Index)སྙན་ཐོའི་ནང་དུ། སེ་རི་ཡའི་(Syria)རྗེས་འཛམ་གླིང་ནང་དམ་དྲག་ཆེ་ཤོས་ནི་བོད་རེད་ཅེས་བཀོད་ཡོད་པ་དང་། དེ་བཞིན་གསར་འགོད་པ་ཚོ་བྱང་ཀོ་རི་ཡ་(North Korea)ལས་བོད་ནང་འགྲོ་རྒྱུར་དཀའ་ལས་ཁག་པོ་ཡོད་སྐོར་བརྗོད་ཡོད་པ་རེད། རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་མིན་ལ་མ་ལྟོས་པར་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། དྲང་བདེན་སོགས་གོང་མཐོར་གཏོང་ཆེད་ངས་མུ་མཐུད་འབད་བརྩོན་བྱེད་ཀྱི་ཡིན་ལ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱ་ཆེ་མི་མང་དང་བོད་ཀྱི་གནད་དོན་གསལ་ཆེད་ཞབས་ཞུ་སྒྲུབ་བཞིན་པ་ཡིན་ལ། དེ་རིང་ཁྱེད་རྣམ་པ་ངའི་གཏམ་བཤད་ལ་ཕེབས་པ་དེས་རྒྱ་གཞུང་གི་བཙན་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་བོད་རིགས་སྤུན་ཟླ་ཚོར་རེ་བ་དང་སེམས་ཤུགས་སྐྱེད་པའི་བརྡ་ལན་ཞིག་གཏོང་གི་ཡོད། ཅེས་གསུངས་འདུག

ཐེངས་འདིའི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཅེས་པའི་བགྲོ་གླེང་ཚོགས་འདུའི་ཐོག་སི་པན་གྱི་གསར་འགོད་པ་དང་རྩོམ་པ་པོ་པཱབ་ལོ་ཁཱར་ཌེ་ནཱལ་(Pablo Cardenal)དང་། རྒྱ་ནག་ཉམས་ཞིབ་པ་སི་པཱན་མཱར་ཊིན་ཧ་ལ་(Spain Martin Hala)ལགས། དབྱིན་ཇིའི་རྩོམ་པ་པོ་དང་གསར་འགོད་པ་འཁྲབ་སྟོན་མ་ཀེ་ཊེ་སཱན་དྷིར་སི་(Kate Saunders)ལགས། གསར་འགོད་པ་དང་རྩོམ་སྒྲིག་པ་སྐུ་ཞབས་གྷི་རེ་བྷ་རོ་ནཱོ(Greg Bruno)ལགས། བོད་ཀྱི་དེང་རབས་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་བཅས་མཉམ་ཞུགས་གནང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་ལྟར་ན། སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་གི་ལས་རིམ་ཁག་གྲུབ་མཚམས། ཡུ་རོབ་ཀྱི་རྒྱལ་ཁབ་སི་ལོ་ཝཱ་ཁཱ་(Slovakia)དང་ཧྥན་ལན་ཌི(Finland)བཅས་ཀྱི་ནང་ཕྱོགས་སྐྱོད་ཀྱིས་འབྲེལ་ཡོད་མི་སྣ་ཁག་གཅིག་དང་གསར་འགོད་པར་ཐུག་འཕྲད་གནང་རྒྱུ་དང་། ཡུ་རོབ་ཁུལ་གྱི་ལས་རིམ་རྣམས་གྲུབ་རྗེས་ཕྱི་ཚེས་ ༡༥ ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་བོད་མིའི་སྒྲིག་འཛུགས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་ཐོག་མཉམ་ཞུགས་གནང་རྒྱུ་ཡིན་འདུག

གསར་འགོད་པ་སངས་རྒྱས་དཀོན་མཆོག་གིས་བོད་མིའི་སྒྲིག་འཛུགས་དྲ་རྒྱ་ནས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༨/༡༠/༠༩

Leave a Reply

One thought on “གཅིག་སྡུད་རིང་ལུགས་ཀྱི་འོག་ལ་ཚུད་མི་འདོད་ན་བོད་ལ་རྒྱབ་སྐྱོར་བྱོས།

  1. བཀྲིས་ཚེ་རིང་།

    བཀུར་འོས་སྲིད་སྐྱོད་མཆོག རྒྱ་ནག་དམར་པོས་བོད་ནང་གི་ཉེས་མེད་བོད་མི་སྐྱ་སེར་ཕོ་མོ་འབུམ་ཕྲག་མང་པོ་གསར་གསོད་ཀྱི་ཁྲག་མཚོར་བསྐྱིལ་ཅིང་། མི་རབས་ནས་མི་རབས་བར་བསགས་པའི་རྩ་ཆེའི་ནོར་བུ་དང་། ཆོས་དང་རིག་གཞུང་། ལྷག་དོན་དགོན་པ་སྟོང་ཕྲང་མང་པོ་བསྲེགས་བཅག་འཕྲོག་གསུམ་གྱིས་ས་སྟོང་བསྒྱུར་ཏེ། བོད་གངས་ཅན་གྱི་ཁོག་པའི་སྙིང་དང་ལྟ་བའི་མིག་༧གོང་ས་མཆོག་ཡུལ་གྱར་བའི་འཚོ་བར་རོལ་དགོས་བྱུང་བ་དང་། པན་ཆེན་རིན་པོ་ཆེ་རྒྱ་ནག་གིས་དུག་ཕུལ་ནས་བཀྲོངས་པ་སོགས་མི་རབས་ནས་མི་རབས་བར་བརྗེད་མི་སྲིད་པའི་སྡིག་ཉེས་ཚབས་ཆེན་དེ་དག། སྲིད་སྐྱོང་གི་དྲན་པའི་ཡུལ་ལས་བརྗེད་པ་རེད་དམ། ཡང་ན་རྒྱ་ནག་ལ་ཤ་ཚ་བ་རེད་དམ།