ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་སློབ་དཔོན་གཉིས་ལ་ཐོབ།

ད་ལོའི་ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་དེ་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་བྱས་རྗེས་ཅན་གྱི་ཨ་རིའི་དཔལ་འབྱོར་རིག་པའི་སློབ་དཔོན་གཉིས་ལ་འབུལ་གཏན་འཁེལ་འདུགཁ་སང་ཕྱི་ཚེས་ ༨ ཉིན། ནོར་ཝེ་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་འདི་ལོའི་ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་དེ། ཨ་རིའི་ཉེའུ་ཡོག་གཙུག་ལག་སློབ་གཉེར་ཁང་གི་དཔལ་འབྱོར་རིག་པའི་སློབ་དཔོན་ཕོལ་རོ་མིར་ (Paul Romer) ལགས་དང་། ཡེལ་(Yale)གཙུག་ལག་སློབ་གཉེར་ཁང་གི་དཔལ་འབྱོར་རིག་པའི་སློབ་དཔོན་ཝེ་ལུམ་ནོར་ཌོ་སི་ (William Nordhaus) ལགས་གཉིས་ལ་འབུལ་གཏན་འཁེལ་བ་ཡོངས་བསྒྲགས་གནང་ཡོད་པ་དང་། ཁོང་གཉིས་ཀྱིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་རང་བྱུང་ཐོན་ཁུངས་སོགས་དང་འབྲེལ་བའི་གསར་གཏོད་ཀྱི་ཕྱག་ལས་སྣ་མང་གནང་བར་ཆེ་བསྟོད་དུ་ཕུལ་བ་ཞིག་ཡིན་འདུག

ནོ་བྷེལ་ལྷན་ཚོགས་ཀྱི་ཡོངས་བསྒྲགས་ནང་སློབ་དཔོན་ཁོང་གཉིས་ཀྱིས་དུས་རབས་འདིར་ཆེས་གལ་ཆེན་དང་གཞི་རྩར་གྱུར་བའི་དཔལ་འབྱོར་འཕེལ་རྒྱས་ཡུན་གནས་ལ་ཐབས་ལམ་མང་པོ་བསྐྲུན་པ་དང་། དེང་རབས་དཔལ་འབྱོར་འཕེལ་རྒྱས་ཁྲོད་རང་བྱུང་ཐོན་ཁུངས་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གནོད་སྐྱོན་མི་ཐེབས་པའི་གསར་གཏོད་ལས་གཞི་སྣ་མང་བསྐྲུན་ཡོད་སྐོར་བརྗོད་འདུག

སློབ་དཔོན་ཕོལ་རོ་མིར་ལགས་ནི་ད་ལོ་དགུང་ལོ་ ༦༢ ཡིན་ཞིང་། ཆའེ་ག་གྷོ་གཙུག་ལག་སློབ་གཉེར་ཁང་ནས་སློབ་དཔོན་གྱི་མཚན་གནས་ཐོབ་ཡོད་པ་དང་། ཁོང་གིས་དཔལ་འབྱོར་ཡར་རྒྱས་ནི་ཕྱིའི་ཁོར་ཡུག་གི་གནས་སྟངས་ལས་བྱུང་བ་ཞིག་མིན་པར། གང་ཟག་སྒེར་ལ་ཐོབ་པའི་སློབ་གསོ་དང་རྒྱལ་ཁབ། ཚོགས་སྡེ་ཡི་སྲིད་བྱུས་ཀྱི་ཁྱད་པར་ལས་འབྱུང་གི་ཡོད་སྐོར་གསུངས་ཡོད་འདུག  ཕྱི་ལོ་ ༢༠༡༦ ལོར་ཁོང་འཛམ་གླིང་དངུལ་ཁང་གི་དཔལ་འབྱོར་རིག་པའི་འགན་འཛིན་དུ་འདེམས་ཐོན་བྱུང་ཡོད་ན་ཡང་། ཟླ་ ༡༥ རྗེས་ལས་གནས་དེ་ནས་དགོངས་པ་ཞུས་ཡོད་འདུག

ཁོང་གིས།  ད་ལྟའི་གནས་སྐབས་ཀྱི་དཀའ་ངལ་ཤིག་ནི་མི་མང་པོ་ཞིག་གི་སེམས་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་འགྲོ་སོང་ཆེན་པོ་དང་དཀའ་མོ་ཞིག་ཡིན་པར་བསམ་སྟེ། སྲུང་སྐྱོབ་བྱེད་པར་སྣང་མེད་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་དཀའ་ངལ་གང་ཡང་མེད་ཚུལ་བཤད་ནས་འདུག་གི་ཡོད་པ་དེ་ཡིན་པ་དང་། མིས་ཚན་རིག་ཤེས་ཀྱི་ཡོད་པ་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཤེས་ཀྱི་ཡོད་ཀྱང་། ཤེས་ཀྱི་མེད་པ་ནི་འཛམ་གླིང་གི་རྒྱལ་ཁབ་ཚོས་ནུས་པ་ཇི་ལྟར་མཉམ་སྤུངས་དགོས་པ་དེ་ཡིན་ལ། ད་ལྟ་ཉིད་ནས་ནག་རྫས་(Carbon) ཕྱི་ལ་གཏོང་མཚམས་ཉུང་དུ་གཏོང་ཐུབ་ཚེ། མི་ཚོས་བསམ་པ་ལྟར་གྱི་དཀའ་ཁག་དེ་འདྲ་མེད་ན་ཡང་། ཆེས་ཉེན་ཚབས་ཆེ་བ་ཞིག་ནི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཡར་རྒྱས་ལ་རེ་བ་མེད་པ་དང་ཚོར་མེད་དུ་ལུས་བཞིན་ཡོད་པ་དེ་ཡིན་སྐོར་གསུངས་འདུག

སློབ་དཔོན་ཝེ་ལུམ་ནོར་ཌོ་སི་ལགས་ནི་ད་ལོ་དགུང་ལོ་ ༧༧ ཡིན་པ་དང་། ཕྱི་ལོ་ ༡༩༦༧ ལོར་ཨ་རིའི་ཡེལ་གཙུག་ལག་སློབ་གཉེར་ཁང་དུ་དཔལ་འབྱོར་རིག་པའི་སློབ་དཔོན་གྱི་མཚན་གནས་ཐོབ་སྟེ་སློབ་གྲྭ་དེ་རང་དུ་ཕྱག་ལས་གནང་ཡོད་འདུག ཁོང་ནི་དཔལ་འབྱོར་རིག་པ་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་གཉིས་གཅིག་ལ་གཅིག་བརྟེན་ཡིན་པའི་རྣམ་གཞག་སྒྲུབ་མཁན་ཐོག་མ་དེ་ཡིན་པ་དང་། ཕྱི་ལོ་ ༡༩༧༠ ཙམ་ནས་ཁོང་དང་དཔལ་འབྱོར་རིག་པ་བ་འགས་ཁོར་ཡུག་འབག་བཙོག་སྔོན་འགོག་ཆེད། གཞུང་སོ་སོའི་སྲིད་བྱུས་ནང་འབག་བཙོག་བཟོ་མཁན་ལ་ཁྲལ་རྒྱག་རྒྱུའི་གཏན་འབེབ་བཟོ་རྒྱུ་ནི་འགྲོ་བ་མིའི་འཕྲོད་བསྟེན་ཡར་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐབས་ལམ་ཞིག་ཡིན་པ་གསལ་འདེབས་བྱས་ཡོད་པ་དང་། གོ་ལ་ཧྲིལ་བོར་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་ནི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཡིན་པ་དང་། ཁོང་གིས་དེའི་ཐད་མི་ལོ་ ༤༠ ཙམ་ལ་ཕྱག་ལས་གནང་ཡོད་སྐོར་གསུངས་འདུག

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ནི་ཕྱི་ལོ་ ༡༩༦༨ ལོར་སྤྲོད་མགོ་བཙུགས་པ་དང་གཟེངས་རྟགས་ཐོབ་མཁན་ལ་ཨ་སྒོར་ས་ཡ་ ༡ ཐོབ་ཀྱི་ཡོད་པ་དང་། ཕྱི་ལོ་ ༡༨༩༥ ལོར་སྐུ་ཞབས་ནོ་བྷེལ་ལགས་ཀྱི་དགོངས་དོན་བཞིན་ཞི་བདེ་དང་རྩོམ་རིག རྫས་འགྱུར། དངོས་ཁམས། གསོ་རིག་གཟེངས་རྟགས་སྤྲོད་མགོ་བརྩམས་ཡོད་པ་དང་། ནོ་བྷེལ་རྩོམ་རིག་གཟེངས་རྟགས་ལྷན་ཁང་ནང་བཙན་གཡེམ་དང་འབྲེལ་བའི་གླེང་གཞི་བྱུང་བར་བརྟེན་འདི་ལོའི་རྩོམ་རིག་གཟེངས་རྟགས་སྤྲོད་ཀྱི་མེད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༠༩

Leave a Reply