ཨ་རྒྱ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་མཚམས་ཆད་རྒྱུ་རེད། 

རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་མུ་མཐུད་ཕྱིན་པ་ཡིན་ན་འཛམ་གླིང་གི་ཚོང་འབྲེལ་སྤྱི་ལ་དོ་ཕོག་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུགདེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་འཛམ་གླིང་གི་དཔལ་འབྱོར་གནས་བབ་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། འདི་ལོར་ཨ་རྒྱ་གཉིས་ཀྱི་དངོས་ཟོག་ཁག་ལ་དཔྱ་འཁྲལ་སྤར་རེས་ཀྱིས་ཚོང་འབྲེལ་འཐབ་འཁྲུག་བྱེད་བཞིན་ཡོད་སྟབས།  རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་འཛམ་གླིང་སྲིད་གཞུང་ཁག་གི་དཔལ་འབྱོར་འཕེལ་རྒྱས་ཁྱབ་བརྡལ་དུ་གཏོང་བཞིན་ཡོད་པའི་ཁྲོད། དེ་རིང་ནས་བཟུང་ཨ་རི་དང་རྒྱ་ནག་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་རིམ་མར་ཆགས་ཏེ་ཁྱབ་བརྡལ་བྱེད་མཚམས་བཞག་ཡོད་པ་དང་།  ལོ་རྗེས་མ་ནས་ཨ་རྒྱ་གཉིས་ཀྱི་ཚོང་ཉམས་རྒྱུ་ཡིན་པ་ཙམ་དུ་མ་ཟད། ཨ་རྒྱའི་ཚོང་འབྲེལ་འཐབ་འཁྲུག་གི་ཤུགས་རྐྱེན་འོག་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལའང་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གི་སྤྱི་ཁྱབ་དཔལ་འབྱོར་རིག་པ་བ་མའོ་ར་སི་ཨོ་སི་ཊི་ཧྥི་ཌི་(Maurice Obstfeld)ལགས་ཀྱིས། འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་འགར་ཟླ་ཆགས་པ་ཡིན་ན། དེའི་ཤུགས་རྐྱེན་གྱིས་མི་ཚང་མ་དཀའ་ངལ་ནང་གཡུག་གི་རེད། ཅེས་བརྗོད་ཡོད་པ་དང་།  རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གི་ཚོད་དཔག་ལྟར་ན། ལོ་རྗེས་མ་ནས་ཨ་རིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་བརྒྱ་ཆ་ ༢།༩ ནས་ ༢།༥ མར་ལྷུང་རྒྱུ་ཡིན་པ་དང་། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་བརྒྱ་ཆ་ ༦།༦ ནས་ ༦།༢ ལ་མར་ལྷུང་རྒྱུ་ཡིན་སྐོར་སོགས་བསྒྲགས་འདུག

ཡང་ཐེབས་རྩ་ཁང་དེས་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་གི་ཤུགས་རྐྱེན་འོག འདི་ལོར་འཛམ་གླིང་གི་སྲིད་གཞུང་ཁག་ཚང་མའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་རིམ་ཚད་དམའ་ཤོས་སུ་བསླེབས་ཡོད་སྐོར་བརྗོད་ཡོད་པ་དང་།  ཨ་རིའི་ལྷོ་རྒྱུད་ཀྱི་རྒྱལ་ཁབ་ཝི་ནེ་རྫོ་ལ་(Venezuela)ནི་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་ཁྲོད་གྱོང་གུད་ཐེབས་མཁན་ཐོག་མ་དེ་ཆགས་ཡོད་འདུག་ལ། གཞན་ཡང་ཨར་ཇན་ཊི་ན་དང་རྒྱལ་ཁབ་ཁག་ཅིག་གི་དཔལ་འབྱོར་འཕེལ་རྒྱས་ལའང་གྱོང་གུད་ཅུང་ཙམ་རེ་ཐེབས་ཡོད་སྐོར་སོགས་བརྗོད་ཡོད་འདུག

བརྒྱུད་ལམ་ཁག་གི་གནས་ཚུལ་ནང་།  ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་ཁྲོད། ད་ལྟའི་ཆར་ཨ་རིར་གྱོང་གུད་གང་ཡང་ཐེབས་ཀྱི་མེད་ནའང་། ལོ་རྗེས་མ་ནས་ཨ་རིའི་ཚོང་ཉམས་རྒྱུ་ཡིན་པ་གཏན་འཁེལ་བྱེད་བཞིན་ཡོད་པ་དང་། ཡང་དཔལ་འབྱོར་རིག་པ་བ་ཚོས། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་སྤྱིའི་ཁྲོད་ཨ་རི་ལས་རྒྱ་ནག་གི་དཔལ་འབྱོར་ལ་གྱོང་གུད་ཤུགས་ཆེ་བ་ཐེབས་རྒྱུ་ཡིན་སྐོར་སོགས་བརྗོད་ཀྱི་འདུག

རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གི་ཕྱི་ལོ་ ༢༠༡༨ ལོར་དཔལ་འབྱོར་འཕེལ་རྒྱས་སུ་ཕྱིན་པའི་རྒྱལ་ཁབ་ཁག་ཅིག་བཏོན་ཡོད་པའི་ཁྲོད། ཨ་རི་དང་པོ་དང་། གཉིས་པ་སི་པན། ཁེ་ན་ཌ་གསུམ་པ། དེ་བཞིན་འཇར་མན་དང་ཧྥ་རན་སི། དབྱིན་ཇི། ཨི་ཊ་ལེ། ཉི་ཧོང་སོགས་བང་རིམ་ལྟར་དཔལ་འབྱོར་འཕེལ་རྒྱས་སུ་ཕྱིན་པའི་རྒྱལ་ཁབ་ཁག་ཆགས་ཡོད་ནའང་།  གལ་སྲིད་ཨ་རིའི་རླངས་འཁོར་གཙོས་ཕྱིར་འདྲེན་བྱེད་བཞིན་པའི་དངོས་ཟོག་ཁག་གི་ཐོག་དཔྱ་འཁྲལ་བརྒྱ་ཆ་ ༢༥ སྤར་བ་ཡིན་ན། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་གྱོང་གུད་ཚབས་ཆེན་ཞིག་ཐེབས་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༠/༠༩

Leave a Reply to གཞུང་པ་ཚེ་དབང་བསོད་ནམས་ Cancel Reply

2 thoughts on “ཨ་རྒྱ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་མཚམས་ཆད་རྒྱུ་རེད། 

  1. གཞུང་པ་ཚེ་དབང་བསོད་ནམས་

    ཨ་རྒྱ་གཉིས་ཚོང་འབྲེལ་ཐོག་གླེང་གཞི་འགྲོ་བཞིན་པ་དེ་ནི་བྱང་ཀོ་རི་ཡའི་གནས་དོན་དང་
    འབྲེལ་བ་ཡོད་པ་ལས་བྱུང་བའི་ཨ་རྒྱ་གཉིས་ཀྱི་འཛམ་གླིང་རྒྱལ་ཁབ་གཞན་ལ་རྒྱོང་གུན་སྤྲོད་
    རྒྱུའི་ཚོང་འབྲེལ་གྱི་སྲིད་བྱུས་ཞིག་ལ་ངོས་འཛིན་དང་དུས་ཚོད་ངེས་མེད་ནང་ཨ་རྒྱ་གཉིས་ཀྱི་
    ཁ་དམག་འགན་ཁུར་གྱི་ཚོང་ཁྲལ་སྐོར་གྱི་གླེང་གཞི་དེ་རང་བཞིན་ལྷིང་འཇག་དུ་གནས་རྒྱུ་ཡིན་
    པ་ལས་ཨ་རྒྱའི་ཚོང་ཁྲལ་གྱི་གནས་དོན་འོག་ནས་འཛམ་གླིང་གི་དཔལ་འབྱོར་འཕེལ་ཚད་རྡོ་
    ཕོག་ནམ་ཡང་འགྲོ་མི་སྲིད་པ་ནི་རིང་མིན་ཨ་རིའི་སྲིད་འཛིན་དང་བྱང་ཀོ་རི་ཡའི་འགོ་འཁྲིད་
    བར་གྲོས་མོལ་གཉིས་པ་ནས་གསལ་རྟོགས་ཐུབ་རྒྱུ་བཅས་།

  2. རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་ལ་རྒྱ་འདྲེ་འཛུལ་ཚར་ཡིན་ས་རེའོ། ཨ་རི་ཕུ་ཤོར་ན་ བོད་བསོད་བདེ་སྐམ། ཨ་རི་ཕུ་མ་ཤོར་བ་ཤོག 🙏 🤪 😂