བཙན་བྱོལ་དུ་བཞུཊ་པའི་དཀོན་མཆོག ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག

རྒྱ་གར་གྱི་པར་བ་རཱ་གྷུ་ར་ཡི་ལགས་ཀྱིས་མི་ལོ་ ༤༠ རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་གཏམ་རྒྱུད་སོགས་པར་རིས་སྒྱུ་རྩལ་གྱི་ལམ་ནས་འགྲེལ་བརྗོད་ཞུས་པའི་དེབ་ཅིག་དབུ་འབྱེད་འགྲེམས་སྤེལ་གནང་འདུག

དེ་རིང་ཕྱི་ཚེས་ ༡༠ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་པར་ལེན་གསར་འགོད་པ་རཱ་གྷུ་ར་ཡི་(Raghu Rai) ལགས་ཀྱིས་ལོ་ངོ་ཧྲིལ་པོ་ ༤༠ རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་བཅར་ཏེ། ཉིན་རེའི་མཛད་པ་མང་པོ་ཞིག་པར་ལེན་ཞུས་པའི་<<བཙན་བྱོལ་དུ་བཞུགས་པའི་དཀོན་མཆོག ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག>>  (God in Exile: The Fourteenth Dalai Lama) ཞེས་པའི་པར་རིས་དཔེ་དེབ་ཅིག་དབུ་འབྱེད་འགྲེམས་སྤེལ་གནང་ཡོད་པ་དང་། པར་དེབ་དེའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་མཛད་རྣམ་དང་འབྲེལ། པར་བ་ཁོང་གིས་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བ་ནས་བཟུང་དད་པ་དམ་ཚིག་བརྟན་པོའི་འབྲེལ་བ་ཞུས་པའི་སྐོར་སོགས་ཡོད་འདུག

རཱ་གྷུ་ར་ཡི་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕྱི་ལོ་ ༡༩༧༥ ལོ་ནས་བཟུང་པར་ལེན་ཞུ་མགོ་བཙུགས་ཡོད་པ་དང་། བྷི་བྷི་སི་གསར་ཁང་གིས་ཁོང་ལ་བཅར་འདྲི་བྱས་སྐབས། ངས་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་པར་ལེན་སྐབས་སྐུ་སྲུང་བ་ཞིག་གིས་ང་བཀག་འགོག་བྱས་སོང་བ་དང་། སྐབས་དེར་༧གོང་ས་མཆོག་གིས་ང་ལ་ཐད་ཀར་གཟིགས་བྱུང་བས། ངས་ལམ་སེང་སྐུ་པར་ལེན་ཆོག་མིན་བཀའ་འདྲི་ཞུས་པར་རིན་པོ་ཆེ་མཆོག་གིས་ང་ལ་ཞལ་འཛུམ་དང་སྦྲགས་ཞལ་བཞེས་གནང་སོང་།  ང་ལ་མཚོན་ན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐོག་མར་མཇལ་བ་དེ་ནི་ལགས་རྟགས་ཡག་ཤོས་ཤིག་ཡིན་ལ། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ཁོང་གི་རྗེས་འཇུག་པ་ཞིག་ཏུ་རྩིས་མ་གནང་བར་ཁོང་དང་འདྲ་མཉམ་ཡིན་པ་ལྟ་བུའི་གཟིགས་ཚོར་གྱི་ཐོག་ནས་སྐུ་པར་ལེན་རྒྱུ་ཞལ་བཞེས་གནང་བྱུང་། ཞེས་བརྗོད་འདུག

ཁོང་གི་པར་དེབ་དེའི་ནང་དུ་མི་ལོ་ཧྲིལ་པོ་ ༤༠ ལྷག་གི་རིང་༧གོང་ས་མཆོག་གི་ཆོས་སྲིད་ཀྱི་མཛད་པ་ཁོ་ན་མིན་པར་བརྙན་འཕྲིན་ཞིག་གསོ་མཛད་པ་དང་། སྐུ་སྒེར་གྱི་ལྡུམ་རར་ཆུ་ལྡུག་བཞིན་པའི་སྐུ་པར་གྱི་གཙོའི་མཛད་པ་ཆུང་ཙག་རིགས་ཀྱང་ཚུད་ཡོད་པ་དང་། པར་བ་རཱ་གྷུ་ར་ཡི་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྲོག་ཆགས་དང་མཉམ་དུ་རྩེད་མོ་རྩེ་གནང་རྒྱུར་ཧ་ཅང་དགའ་ལ། ལྷག་པར་དུ་ལྡུམ་རའི་ནང་བཞུགས་རྒྱུ་ནི་ཆེས་ཐུགས་མཉེས་ཤོས་ཡིན་སྐོར་བརྗོད་འདུག

ཡང་རཱ་གྷུས་ཡིས་ཕྱིར་དྲན་གྱིས་བཤད་རྒྱུར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་མི་ཚོར་མཇལ་ཁ་གནང་སྐབས། དངོས་ནས་ཁོང་གི་སྤྱན་ཟུང་ལ་གཟིགས་དང་རྒན་པོ་ཞིག་གིས་རང་གི་བུ་ཚ་རྣམས་ལ་བྱམས་བརྩེས་སྐྱོང་བཞིན་པ་དང་གཅིག་མཚུངས་རེད། ཅེས་བརྗོད་འདུག

པར་བ་རཱ་གྷུ་ར་ཡི་ནི་ཕྱི་ལོ་ ༡༩༤༢ ལོར་རྒྱ་གར་པན་ཇབ་མངའ་སྡེའི་ནང་དུ་སྐྱེས་ཤིང་། ཆུང་དུས་ནས་རང་གི་གཅེན་པོའི་ས་ནས་པར་རིས་སྒྱུ་རྩལ་སྐོར་ལ་སློབ་སྦྱོང་བྱས་ཏེ། མཐར་མེག་ནམ་(Megnum)པར་རིས་ཞེས་པའི་རྒྱལ་སྤྱིའི་པར་རིས་ཚོགས་པ་ཞིག་གི་ཚོགས་མི་དང་། དེ་བཞིན་རྒྱ་གར་གྱི་གསར་ཁང་གྲགས་ཆེན་དེ་རིང་གི་རྒྱ་གར་ཞེས་པའི་སྤྱི་ཁྱབ་པར་པ་བྱས་མྱོང་ཡོད་པ་དང་། ཕྱི་ལོ་ ༡༩༧༢ ལོར་པད་མ་ཤྲི་རྒྱལ་དམངས་བྱ་དགའ་དང་། ཕྱི་ལོ་ ༡༩༩༢ ལོར་ཨ་རིའི་ནང་ལོ་དེའི་པར་ལེན་སྒྱུ་རྩལ་རྩེ་གྲས་ཀྱི་བྱ་དགའ་ཐོབ་ཡོད་འདུག  ཁོང་ལ་ད་བར་ཉུང་མཐར་པར་རིས་དཔེ་དེབ་ ༡༨ ཡོད་པ་དང་། ཁོང་གི་པར་རིས་དཔེ་དེབ་ཁྲོད་དུ་<<རཱ་གྷུ་ར་ཡིའི་རྒྱ་གར། ཚོན་མདོག་ཁྲོད་ཀྱི་ཕྱིར་མིག>>དང་། <<དཀར་ནག་ཁྲོད་ཀྱི་ཕྱིར་མིག>>་ཞེས་པ་ནི་བརྩམས་ཆོས་གྲགས་ཆེ་ཤོས་གཉིས་ཡིན་པ་དང་། ཁོང་གིས་བོད་ཀྱི་སྐོར་ལ་བཏོན་པའི་བརྩམས་ཆོས་ཕྱི་ལོ་ ༢༠༡༠ ལོར་པེན་གུན་པར་སྐྲུན་ཁང་གིས་བཏོན་པའི་<<བཙན་བྱོལ་གྱི་བོད>>དང་།  ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༩ ཉིན་རོ་ལི་དཔེ་དེབ་(Roli books)པར་སྐྲུན་ཁང་ནས་བཏོན་པའི་<<བཙན་བྱོལ་དུ་བཞུགས་པའི་དཀོན་མཆོག ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག>>གཉིས་ཡིན་པ་དང་། བརྩམས་ཆོས་དེ་དག་ཨ་མ་ཟོན་དྲ་ཐོག་ཚོང་ར་(amazon.com) ནས་མངགས་ཉོ་བྱ་ཐུབ་ཀྱི་ཡོད་འདུག

པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༠/༡༠

Leave a Reply

3 thoughts on “བཙན་བྱོལ་དུ་བཞུཊ་པའི་དཀོན་མཆོག ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག

  1. ས་མཐའི་སྤུན་

    རང་ཅག་གཞིས་བྱེས་བོད་འབངས་ཡོངས་ཀྱི་ཁོག་པའི་སྙིང་དང་། རེ་བའི་མིག་འབུར་བལྟ་ཡུལ་རྒྱལ་མཆོག་ཕྱག་ན་པད་མ་མཆོག་གི་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། ཚེ་རབས་ནས་ཚེ་རབས་ཁྱེད་ཀྱི་ཐུགས་རྗེས་བཟུང་ནས་བྱིན་གྱིས་རློབས།

  2. བཀྲིས་ཚེ་རིང་།

    དཀའ་ལས་སྐྱོན་འདུག སྐུ་པར་མཐོང་གྲོལ་རིན་པོ་ཆེ་འདི་རྣམས་ནི་ང་ཚོ་བོད་མི་རིགས་ཀྱིས་ཚོགས་གསོག་སྒྲིབ་སྦྱོང་གི་རྩ་ཆེའི་ཞིང་བཟང་དམ་པ་ཞིག་དང་། མི་རབས་ནས་མི་རབས་ཀྱི་མིག་དཔེ་དང་སློབ་སྦྱོང་ཞུ་ཡུལ་གྱི་ལོ་རྒྱུས་ཤིག་ཀྱང་ཡིན། ངོ་མ་ཐུགས་རྗེ་ཆེ།

  3. གཞུང་པ་ཚེ་དབང་བསོད་ནམས་

    ཕོ་ལས་ཅན་པར་པ་རཱ་གྷུས་ཡིས་།
    པར་ལེན་པའི་རྒྱུ་རྩལ་གཟེངས་སུ་བསྟོད་།
    མགོན་བསྟན་འཛིན་རྒྱ་མཚོའི་མཛད་འཕྲིན་ཁག་།
    ལྷོ་འཛམ་གླིང་མི་མང་གིས་དད་བརྟེན་དུ་།
    སྐུ་པར་རྒྱུད་ནས་མཛད་འཕྲིན་མཇལ་།
    དེ་མཇལ་བའི་ལས་ཅན་མི་མང་ཚོ་།
    ཚེ་འདི་ཕྱི་གཉིས་ཀྱིས་སྡུག་བསྔལ་སེལ་།
    མགོན་ཁྱོད་ཀྱི་སྐུ་ཚེ་ཁྲི་ལོར་བརྟན་།
    ཕོ་པར་ལེན་རཱ་གྷུས་ཐུགས་རྗེ་ཆེ་།