བཙན་བྱོལ་བོད་མིའི་མང་གཙོའི་ཁྱད་ཆོས།     

  ཤག་སྒང་པ་སངས་ཚེ་རིང་།

༡ གོང་ནས་འོག་ལ་གསོལ་བསྩལ་གནང་བའི་མང་གཙོ།

མང་གཙོའི་འཐབ་རྩོད་ཀྱི་ཆེད་དུ་མི་རབས་མང་པོས་ཁྲག་དང་མཆི་མ། ཚེ་སྲོག་གི་འགྲོ་སྒྲོན་བཏང་དང་གཏོང་མུས་ཀྱང་། ང་ཚོ་བཙན་བྱོལ་བོད་མིའི་མང་གཙོ་ནི། ཕྱི་ལོ་ ༡༩༦༠ ལོར་རྒྱལ་བ་དོན་གྱིས་བདག་པོས་ཡེ་ཤེས་སྤྱན་རྒྱང་ཡངས་པོས་མར་གསོལ་བསྩལ་གནང་བ་ཞིག་ཡིན། སྲིད་དབང་སྒེར་འཛིན་ལས་ལྡོག་ཅིང་སྒེར་ལས་དམངས་གཙོ་བར་འཛིན་པའི་རྨད་བྱུང་མཛད་བཟང་འདི་ནི་རྒྱལ་ཁབ་གཞན་སུ་ལའང་མེད་པའི་མིག་དཔེ་བླ་མེད་ཅིག་ཡིན།

 གྲོས་ཚོགས་དབུས་བཞག་གི་མང་གཙོ།

གཏན་ཕབ་ཁྲིམས་གཞི་ཡོངས་རྫོགས་ཀྱི་དབང་ཆ་འཛིན་སྐྱོང་ལ་ཡོད་ཀྱང་། འཛིན་སྐྱོང་ཕྱིར་བསྡུ་བྱེད་པའི་དབང་ཚད་གྲོས་ཚོགས་ལ་ཡོད་པའི་མང་གཙོ། ཁྲིམས་ལུགས་དབང་འཛིན་ལ་ཁྲིམས་ཐག་གཅོད་པའི་དབང་ཆ་ཆ་ཚང་ཡོད་ཀྱང་། ཁྲིམས་ལུགས་དབང་འཛིན་འཕོ་འགྱུར་གཏོང་བའི་དབང་ཆ་གྲོས་ཚོགས་ལ་ཡོད་པས་ཕྱོགས་ཡོངས་ནས་གྲོས་ཚོགས་གཙོ་བོ་ཡིན།

 ལྗིད་ཉམ་སྟངས་འཛིན་གྱི་མང་གཙོ།

ཨ་རི་ལྟ་བུ་རྒྱལ་ཁབ་འཛིན་སྐྱོང་གི་དབང་ཆ་མི་མང་གིས་ཐད་ཀར་བདམས་པའི་སྲིད་འཛིན་ལ་ཡོད་པ་དང་། རྒྱ་གར་ལྟ་བུ་རྒྱལ་ཁབ་ཀྱི་གཞུང་གི་དབང་ཆ་གྲོས་ཚོགས་ཀྱི་འཐུས་མི་མང་འོས་ཀྱིས་བདམས་པ་སྲིད་བློན་ལ་ཡོད་པའི་ལམ་ལུགས་གཉིས་ལས། ཕྲན་བུ་དམིགས་བསལ་ནི། ཀ་བ་གསུམ་གྱི་དབང་ཆ་ཆ་བགོས་ཡིན་པ་གང་ཞིག་ལ། ནང་ཁུལ་ཕན་ཚུན་ལྗིད་ཉམས་སྟངས་འཛིན་གྱི་ཐབས་ལམ་སྟེ། གང་ཟག་ལས་ཁྲིམས་ཀྱིས་དབང་བསྒྱུར་ཡིན་པའི་མང་གཙོ་ཞིག་ཡིན།

 གྲུབ་ཆ་དམིགས་བསལ་ཅན་གྱི་མང་གཙོ།

གྲོས་ཚོགས་འཐུས་མིའི་གྲུབ་ཆར་ཆོལ་གསུམ་ཆོས་བརྒྱུད་ཀྱི་འཐུས་མི་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ས་གནས་ཀྱི་འཐུས་མི། བུད་མེད་ལ་དམིགས་བསལ་བཅས་ནི་ཐུང་མོང་མ་ཡིན་པ་ཡིིན།

 ཆབ་སྲིད་ཀྱི་ཤོག་ཁག་མེད་པའི་མང་གཙོ།

དབྱིན་ཇི་དང་ཨ་རི་སོགས་ཆེས་སྔ་བའི་མང་གཙོའི་ནང་ཉུང་མཐར་སྲིད་དོན་ཚོགས་པ་གཉིས་སམ་དེ་ལས་མང་བ་ངེས་པར་དགོས་པའི་མང་གཙོའི་ལྟ་གྲུབ་ཀྱི་ཆ་རྐྱེན་ཡོད་ཀྱང་། བཙན་བྱོལ་བོད་མིའི་མང་གཙོར་ཆབ་སྲིད་ཚོགས་པ་མེད་པ་ནི། སྔ་རབས་པའི་སྲོལ་རྒྱུན་ལམ་ལུགས་ཏེ་ཡངས་པ་ཅན་པའི་ཚོགས་ཀྱི་གཙོ་བོ་དང་། དགེ་འདུན་སྡེ་པའི་ལས་སུ་བྱས་པར་གཞི་འཛིན་གདེང་འཇོགས་བྱས་པ་ཞིག་ཡིན་སྙམ།

 འཛིན་སྐྱོང་དང་ཕྱོགས་འགལ་གཉིས་ཀའི་འགན་འཁུར་གྱི་མང་གཙོ།

ཕྱོགས་འགལ་ཚོགས་པ་དམིགས་བསལ་མེད་སྟབས་ཁྲིམས་བཟོ་ལྷན་ཚོགས་ཏེ་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཚོགས་འཚོག་སྐབས་གྲུབ་ཆ་ཉུང་བའི་འཛིན་སྐྱོང་ལ་དུས་བསྟུན་སྲུང་སྐྱོབ་དང་། དངུལ་རྩིས་བཀའ་ཁྲོལ་དང་ལས་བསྡོམས་སྟངས་འཛིན་བཅས་ཀྱི་ལས་འགན་གཉིས་ཀ་ཡོད་པ་ཞིག་ཡིན།

  ཀ་བ་ཆ་ཚང་ཡོད་བའི་མང་གཙོ།

ཀ་བ་གསུམ་གྱི་ཐོག་ཏུ་རང་དབང་ཅན་གྱི་སྡེ་ཚན། འོས་བསྡུ་དང་རྩིས་ཞིབ། གཞུང་ཞབས་འདེམས་བསྐོ་ལྷན་ཁང་གསུམ་གྱི་ཁར་ཀ་བ་བཞི་པར་གྲགས་པའི་གསར་འགོད་ཀྱི་རང་དབང་ཆ་ཚང་ལྡན་ནོ།།

 རྒྱལ་ཁབ་མེད་པའི་མང་གཙོ།

ཆབ་དཔལ་རིག་གསུམ་སྐྱོང་བའི་དམིགས་བསལ་རྒྱལ་ཁབ་བམ་ས་ཁྱོན་མེད་ཅིང་། མི་སེར་རྣམས་རྒྱ་བལ་འབྲུག་གསུམ་གཙོ་བའི་རྒྱལ་ཁབ་བཞི་བཅུ་ཙམ་ལ་ཁ་འཐོར་དུ་གནས་ཀྱང་། འཛིན་སྐྱོང་གི་བཀོད་ཁྱབ་གཅིག་ཏུ་འགྲོ་ཐུབ་པ་ནི་བཙན་བྱོལ་བོད་མིའི་མང་གཙོའི་ཁྱད་ཆོས་གཙོ་བོ་ཞིག་ཡིན།

 སྦས་དོན་གྱི་མང་གཙོ།

སྦས་དོན་གྱི་རིམ་པ་དམིགས་བསལ་བ་ཞིག་ཡོད་པ་ནི་བཅའ་ཁྲིམས་ལེའུ་དང་པོ་དེ་ཡིན། ༧གོང་ས་ཐམས་ཅན་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི། བྱུང་རབས་དང་ལེགས་བྱང་། མངའ་དབང་བཅས་ཇི་སྲིད་དུ་བོད་མི་ས་ཡ་དྲུག་གི་མངོན་འདོད་མ་དོར་བ་དེ་སྲིད་དུ་ཁོང་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་ཡིན་ཞིང་། གཞི་རིམ་གྱི་ཁྲིམས་དང་བཅའ་ཁྲིམས་ཀྱི་སྒྲོམ་གཞི་གང་ནས་ཀྱང་ཕྱིར་བསྡུ་དང་འགྱུར་བ་རྩ་ནས་མི་ཆོག་པར་བཞག་ཡོད།

མདོར་ན། བཅའ་ཁྲིམས་སུ་མང་གཙོ་ཀ་བ་གསུམ་གྱི་འགྲོ་ལུགས་བཀོད་པ་ལས། རྒྱལ་ཁབ་དང་གཞུང་གི་དབུ་ཁྲིད་ཀྱི་གོ་ཡུལ་སྟོང་བར་བཞག་པ་ནི། དོན་དུ་༧གོང་ས་མཆོག་ནི་རྒྱལ་ཁབ་དང་གཞུང་གཉིས་ཀའི་དབུ་འཁྲིད་ཡིན་པ་སྦས་དོན་གྱི་ཚུལ་དུ་བསྟན་ཏོ།།

བསྐྱར་བཅོས།: ༢༠༡༨/༡༠/༡༡

Leave a Reply

One thought on “བཙན་བྱོལ་བོད་མིའི་མང་གཙོའི་ཁྱད་ཆོས།     

  1. གཞུང་པ་ཚེ་དབང་བསོད་ནམས་

    མང་གཙོའི་ཁྱད་ཆོས་ཟེར་བའི་ཐ་སྙད་དེ་གསལ་པོ་
    ཤེས་ཐུབ་མ་སོང་ཡང་མང་གཙོ་སྤྱིའི་རིག་པའི་
    གཞུང་ལུགས་སམ་ལྟ་གྲུབ་ལ་འགན་ཁུར་ནས་མང་
    གཙོའི་ཁྲིམས་དང་སྒྲིག་གཞིའི་ལམ་སྟོན་འོག་ཞི་བའི་
    མི་མང་འཚོ་དགོས་པ་ནི་མང་གཙོའི་ཁྱད་ཆོས་ངོ་མ་
    དེ་ཡིན་པ་ལས་མང་གཙོ་སྤྱིའི་ལྟ་གྲུབ་ལ་འགན་མ་ཁུར་
    བར་ཟུར་དུ་མང་གཙོའི་ཁྱད་ཆོས་ཟེར་བའི་ཐ་སྙད་དེ་ཚད་
    སྒྲུབ་ཡིན་པ་བློ་མ་བདེ་།