རི་ཉིལ་ཏེ་འབྲི་ཆུའི་བཞུར་རྒྱུན་འགག་ཏུ་བཅུག

དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་འཇོ་མདའ་རྫོང་སྤོ་ལོ་ཡུལ་ཚོའི་ས་མཚམས་ཤིག་ཏུ་རི་ཉུལ་བྱུང་སྟེ་འབྲི་ཆུའི་བཞུར་རྒྱུན་ཡང་འགག་ཏུ་བཅུག་ཡོད་འདུག

དེ་རིང་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༧ ཙམ་ལ་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་འཇོ་མདའ་རྫོང་སྤོ་ལོ་ཡུལ་ཚོའི་ས་མཚམས་ཀྱི་འབྲི་ཆུའི་ཁུག་མགོ་ཞིག་ཏུ་རི་ཉིལ་བྱུང་སྟེ། ཉེ་འགྲམ་གྱི་ཁང་པ་མནན་པ་མ་ཟད། འབྲི་ཆུའི་བཞུར་རྒྱུན་ཤུགས་ཆེན་འགག་ཏུ་བཅུག་ཡོད་ཀྱང་། ད་ལྟའི་ཆར་མི་ལ་ཤི་རྨས་བྱུང་བའི་གནས་ཚུལ་གོ་ཐོས་མི་འདུག

རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་ནང་། རི་ཉིལ་བ་ལ་བརྟེན་ནས་འབྲི་ཆུའི་བཞུར་རྒྱུན་འགག་པའི་རྐྱེན་གྱིས་དཔལ་ཡུལ་རྫོང་དང་འབའ་ཐང་རྫོང་།  སྡེ་རོང་རྫོང་སོགས་ལ་ཉེན་ཁ་འཕྲད་སྲིད་སྟབས། ཡུལ་མི་ ༤༠༠ ཙམ་དང་། སྤོ་ལོ་གྲོང་སྡེའི་དགེ་ལས་སློབ་ཕྲུག་བཅས་ས་གནས་གཞན་ལ་གནས་སྐབས་རིང་གནས་སྤོར་གྱི་ཡོད་འདུག

ད་ལོའི་དབྱར་ནང་སྐབས་བོད་ཁུལ་གྱི་ས་ཆ་མང་པོའི་ནང་ཆར་ཆུ་ཤུགས་ཆེན་བབས་ཏེ། ཆུ་ལོག་དང་རི་ཉིལ་བྱུང་བ་སོགས་རང་བྱུང་གནོད་འཚེ་ཐེངས་མང་བྱུང་ཡོད་པ་དང་། ལྷག་པར་དུ་དཀར་མཛེས་དང་རྔ་བ་ཁུལ་དུ་ཁང་པ་དང་སྦྲ་གུར་ཆུས་བསྣུབས་པ། དེ་བཞིན་ལམ་དང་ཟམ་ཆད་པ་སོགས་ཀྱི་དཀའ་ངལ་བྱུང་ཡོད་པ་རེད།

ཐེངས་འདིའི་ས་ཉིལ་རི་ཉིལ་དོན་རྐྱེན་དེ་རྒྱུ་རྐྱེན་གང་ལ་བརྟེན་ནས་བྱུང་བ་ཡིན་སོགས་ལ་རྒྱ་ནག་གཞུང་ཕྱོགས་ནས་ཅི་ཡང་བརྗོད་མེད་ན་ཡང་། སྤྱི་ཚོགས་བརྒྱུད་ལམ་དུ་ཁྱབ་པའི་བརྙན་ཐུང་ནང་ཁུལ་དེར་ས་བརྐོ་རྡོ་སློག་ཤུགས་ཆེན་བྱས་ཡོད་པ་གསལ་པོ་མཐོང་གི་འདུག་ལ། བརྙན་ཐུང་ནང་དུ་ཡུལ་མི་ཚོས་ས་བརྐོ་རྡོ་སློག་བྱས་ན་འདི་འདྲ་ཡོང་གི་རེད་ཅེས་སྡུག་སྐད་རྒྱག་གི་ཡོད་པའང་གོ་ཡི་འདུག

གསར་འགོད་པ། སངས་རྒྱས་དཀོནམཆོག

བསྐྱར་བཅོས།: ༢༠༡༨/༡༠/༡༡

Leave a Reply