ཞི་ཅིན་ཕིན་དང་ཊོམ་ཕུ་ཐུག་འཆར་འདུག

རྒྱ་ནག་གཞུང་གིས་སྲིད་འཛིན་ཊོམ་ཕུའི་ཚོང་འབྲེལ་ཐབས་ཇུས་ངོ་མ་དེ་ཤེས་རྟོགས་ཡོང་ཆེད་རྒྱལ་ཁབ་གཉིས་ཀྱི་མགོ་འཁྲིད་གཉིས་དངོས་སུ་ཐུག་པའི་རེ་འདོད་བྱེད་ཀྱི་ཡོད་འདུགའདིའི་ལོའི་ཟླ་ ༡༡ ཚེས་ ༣༠ ཉིན་ཨར་ཇིན་ཊི་ན་ནང་འཚོགས་འཆར་ཡོད་པའི་རྒྱལ་ཁབ་ ༢༠ ཚོགས་འདུ་ (G-20 Summit) སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཨ་རིའི་སྲིད་འཛིན་ཊོམ་ཕུ་གཉིས་ཐུག་འཕྲད་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཚོང་དམག་སྐོར་ལ་གྲོས་མོལ་གནང་འཆར་ཡོད་འདུག

ཨ་རྒྱ་གཉིས་ཀྱིས་ཚོང་དམག་དངོས་སུ་མགོ་བཙུགས་ནས་ཟླ་ ༤ ཙམ་འགོར་ཡོད་པ་དང་། ཨ་རིས་རྒྱ་ནག་གི་དངོས་ཟོག་ཨ་སྒོར་དུང་ཕྱུར་ ༢༥༠༠ ཙམ་ལ་རྒྱལ་ཁྲལ་བཀལ་བ་དང་། རྒྱ་ནག་གིས་ཀྱང་འཁོན་ལན་བསླགས་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལ་གྱོང་གུད་ཐེབས་ཡོད་པ་མ་ཟད། རྒྱལ་སྤྱིའི་དཔལ་འབྱོར་ལ་ཡང་ཤུགས་རྐྱེན་མི་ཉུང་བ་ཞིག་ཐེབས་ཡོད་སྟབས། ཨ་རིའི་རྒྱལ་ནང་དཔལ་འབྱོར་ལས་ཁུངས་ཀྱི་ཚོགས་གཙོ་ (National Economic Council ) དང་ཨ་རིའི་ནོར་སྲིད་ལྷན་ཁང་ (United States Department of the Treasury) གཉིས་ཀྱི་ལམ་སྟོན་དང་སྣེ་འཁྲིད་འོག ཨ་རྒྱ་གཉིས་ནས་ཚོགས་ཆུང་རེ་བཙུགས་ཏེ་གཅིག་མཐུན་གྱི་སྡིངས་ཆ་ཞིག་ཨེ་རྙེད་ལྟ་བཞིན་ཡོད་འདུག

ཨ་རིའི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་སྲུང་ཚོགས་གཙོ་ཊེད་ནའེ་སི་ཝེལ་ཊིར་ (Dennis Wilder) ལགས་ཀྱིས། རྒྱ་ནག་གིས་ཨ་རིའི་སྲིད་འཛིན་དང་ཐད་ཀར་འབྲེལ་མོལ་བྱེད་འདོད་ཡོད་པ་རེད། རྒྱུ་མཚན་ནི་ཨ་རི་དང་འབྲེལ་མཐུད་པ་ཚོས་སྲིད་འཛིན་ཊོམ་ཕུའི་དགོངས་དོན་དངོས་དེ་ཤེས་རྟོགས་བྱུང་གི་མེད་པ་ཚོར་ཀྱི་ཡོད་པ་རེད། དེ་བས་ཁོང་ཚོས་སྲིད་འཛིན་དང་ཐད་ཀར་འབྲེལ་མོལ་གྱིས་ཚོང་དམག་ལ་གཡོལ་ཐབས་བྱེད་བཞིན་པ་རེད། ངས་མཐོང་སྣང་ལ་མགོ་འཁྲིད་དང་མགོ་འཁྲིད་བར་གྲོས་མོལ་བྱས་ན་དཀའ་རྙོག་འདི་སེལ་ཐབས་ཡོད་པ་རེད། ཅེས་བརྗོད་འདུག

ཨ་རིར་གནས་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཚེ་ཐེན་ཁེ་ (Cui Tiankai) ཡིས། ང་ཚོས་ཨ་རིར་དོན་དངོས་གང་དགོས་མིན་ཤེས་རྟོགས་ཐུབ་ཀྱི་མི་འདུག པེ་ཅིན་གཞུང་ལ་གྲ་སྒྲིག་ཡོད་པ་མ་ཟད་ནང་འགྲིག་བྱེད་རྩིས་ཡོད། འོན་ཀྱང་ཨ་རིས་རྒྱ་ནག་ལ་བཙན་དབང་གིས་ངོས་ལེན་བྱ་ཐབས་མེད་པའི་ཆ་རྐྱེན་མང་པོ་ཞིག་བཏོན་ཡོང་གི་འདུག དཔེར་ན་ཨ་རིར་བརྒྱ་ཆའི་ ༡༠༠ རག་གི་ཡོད་ན་རྒྱ་ནག་ལ་བརྒྱ་ཆའི་ ༠ མ་གཏོགས་རག་གི་མེད་པ་ཞིག་རེད། ངས་བསམ་ན་དེ་ནི་དྲང་བདེན་ཞིག་མིན་ལ། ཡོང་སྲིད་པ་ཞིག་ཀྱང་མ་རེད། ཅེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་རྒྱ་ནག་དང་མཉམ་དུ་ཚོང་དམག་སྐོར་ལ་འབྲེལ་མོལ་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་ཀྱང་། ཕྱི་ཚེས་ ༩ ཉིན་ཊོམ་ཕུ་ལགས་ཀྱིས་རྒྱ་ནག་འགྲིག་མཐུན་བྱུང་འདོད་ཡོད་པ་རེད་དེ། ཁོང་ཚོར་གྲ་སྒྲིག་མི་འདུག དེ་སྔོན་ང་ཚོས་ཐེངས་གཉིས་ཙམ་ལ་གྲོས་མོལ་བྱ་རྒྱུ་བྱས་པ་རེད་དེ་ཁོང་ཚོར་གྲ་སྒྲིག་མེད་སྟབས་རྩིས་མེད་བཟོས་པ་རེད། ཅེས་བརྗོད་ཡོད་ལ། གལ་སྲིད་རྒྱ་ནག་གིས་ཨ་རིར་རྒྱལ་ཁྲལ་གསར་པ་བརྒྱབ་ཚེ་ཨ་རིས་ཕར་ལན་སློག་རྒྱུ་ཡིན་མིན་དྲིས་པར་ཡིན་དང་ཡིན་ཞེས་བརྗོད་འདུག

ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་ཊོམ་ཕུས་རྒྱ་ནག་ལ་ཚོང་འབྲེལ་གཅོད་རྒྱུ་ཡིན་པ་དང་། རྒྱ་ནག་གིས་ལོ་རེར་ཨ་སྒོར་དུང་ཕྱུར་ ༣༠༠༠ ཙམ་གྱི་ཨ་རིའི་ཆེད་མཁས་པའི་རིག་རྩལ་རྐུ་འཁྱེར་བཞིན་ཡོད་པ་མ་ཟད། ཨ་རིས་རྒྱ་ནག་ལ་ཕྱིར་ཚོང་བྱེད་བཞིན་པའི་དངོས་ཟོག་གི་མ་རྩ་ནི་ནང་འདྲེན་ལས་ཨ་སྒོར་དུང་ཕྱུར་ ༥༠༠༠ ལྷག་གི་ཉུང་བ་ཡོད་པ་དེ་འདྲ་མཉམ་ཡོང་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། ཨ་རྒྱ་གཉིས་ཀྱི་ཚོང་དམག་ནི་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་དངོས་སུ་མགོ་འཛུགས་བྱས་ཤིང་། དང་ཐོག་ཨ་རིས་རྒྱ་ནག་གི་ཚོང་ཟོག་ལ་ཨ་སྒོར་དུང་ཕྱུར་ ༣༤༠ ལ་རྒྱལ་ཁྲལ་བཀལ་བ་དང་དེའི་ལན་དུ་རྒྱ་ནག་གིས་གཅིག་མཚུངས་ཀྱི་རྒྱལ་ཁྲལ་བཀལ། དེ་ནས་ཉིན་ ༣ གྱི་རྗེས་སླར་ཡང་ཨ་རིས་ཨ་སྒོར་དུང་ཕྱུར་ ༡༦༠ ཡི་རྒྱལ་ཁྲལ་བཀལ་བ་དང་། ཕྱི་ཟླ་ ༩ ཚེས་ ༢༤ ཉིན་ཨ་རིས་ཨ་སྒོར་དུང་ཕྱུར་ ༢༠༠༠ ཡི་རྒྱལ་ཁྲལ་ལག་བསྟར་བྱས་པ་དང་། རྒྱ་ནག་གིས་ཨ་སྒོར་དུང་ཕྱུར་ ༦༠༠ ཡི་རྒྱལ་ཁྲལ་བཀལ་ཡོད་པ་རེད

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༡༢

Leave a Reply