འཛམ་གླིང་གི་ཕྱུག་བདག་ཆེན་མོ་ཞིག་འདས་གྲོངས་སུ་ཕྱིན།

འཛམ་གླིང་གི་ཕྱུག་བདག་ཆེན་མོ་ཨང་ ༤༤ པ་དང་མཡེ་ཁོར་སོབ་ཊི་ཁེ་ལས་ཁང་གི་མཉམ་འབྲེལ་སྦྱིན་བདག་འཕྲུལ་ལས་ཚན་རིག་པ་གྲགས་ཅན་ཕོལ་ཨ་ལན་ལགས་རང་ལོ་ ༦༥ ཐོག་འདས་གྲོངས་སུ་ཕྱིན་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོར་འཛམ་གླིང་གི་དཔལ་འབྱོར་ཕྱུག་ཤོས་ཨང་ ༤༤ པ་དང་ཁེ་ལས་པ་གྲགས་ཆེན་བྷེལ་གྷ་ཊི་(Bill Gates)མཉམ་དུ་མཡེ་ཁོར་སོབ་ཊི་(Microsoft) ཁེ་ལས་ཁང་གསར་འཛུགས་བྱེད་མཁན་ཨ་རི་བ་སྐུ་ཞབས་པོལ་ཨ་ལཱན་(Paul Allen)ལགས་(NHL)ཞེས་པའི་སྐྲན་ནད་ཀྱིས་སྐུ་གྲོངས་ཡོད་འདུག

ཁོང་གི་ནང་མི་དང་ཉེ་འབྲེལ་ཚོས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཁེ་ལས་པ་ཁོང་གཟའ་ཟླ་བའི་ཕྱི་དྲོར་མཡེ་ཁོར་སོབ་ཊི་དབུས་ལས་ཁུངས་ཀྱི་རང་ཁྱིམ་དུ་སྐུ་གྲོངས་ཡོད་པ་དང་། འཛམ་གླིང་གི་མཡེ་ཁོར་སོབ་ཊི་དང་མི་སྒེར་གློག་ཀླད་ལ་གཏན་དུ་གསར་བརྗེ་བྱེད་མཁན་གྱི་ཁེ་ལས་པ་ཁོང་ཕྱིར་ཡོང་མེད་པར་གྱུར་སོང་། ཞེས་དང་། ཡང་ཁོང་གི་སྲིང་མོ་རྗོ་དྷེ་(Jody)ཡིས་མི་མང་པོ་ཞིག་གིས་པོལ་ཨ་ལཱན་ལགས་ནི་འཕྲུལ་ལས་རིག་པ་བ་ཞིག་ཏུ་འདོད་ན་ཡང་། ང་ཚོར་མཚོན་ན་ཁོང་ནི་ཧ་ཅང་བརྩེ་ཞིང་སྙིང་ཉེ་བའི་ནང་མི་ཞིག་ཡིན། ཞེས་བརྗོད་འདུག

པོལ་ཨ་ལཱན་ལགས་ནི་མཡེ་ཁོར་སོབ་ཊི་གཉེན་ཆས་དང་མི་སྒེར་གློག་ཀླད་གསར་གཏོད་ཐད་བྱས་རྗེས་ཆེན་པོ་བཞག་མྱོང་མཁན་ཞིག་དང་། སྐུ་ཞབས་བྷེལ་གྷ་ཚི་ཡི་ལས་རོགས་གཙོ་བོ་ཞིག་ཡིན་འདུག  གང་ན་བྷེལ་གྷ་ཚི་ཡི་གསར་གཏོད་དང་ཚོང་གཉེར་གྱི་གྲགས་པ་ཡོད་ན་དེ་ན་པོལ་ཨ་ལཱན་ལགས་ཀྱི་བྱས་རྗེས་དང་གྲིབ་མ་ཡོད་སྐོར་བརྗོད་ཀྱི་ཡོད་པ་དང་། ཁ་སང་ཁོང་སྐུ་གྲོངས་པའི་གནས་ཚུལ་ཐོས་པ་དང་སྐུ་ཞབས་བྷེལ་གྷ་ཚི་ཡིས་ངའི་གྲོགས་པོ་རྒྱུན་རིང་ཤོས་དང་སྙིང་ཉེ་ཤོས་ཁོང་སྐུ་གྲོངས་སོང་བ་དེས་ངའི་སེམས་ལ་སྡུག་བསྔལ་ཆེན་པོ་ཞིག་བཞག་སོང་། ཞེས་དང་། ཡང་མཡེ་ཁོར་སོབ་ཌི་ཁེ་ལས་ཁང་གིས་པོལ་ཨ་ལཱན་ལགས་ཀྱིས་ང་ཚོའི་ཁེ་ལས་ཁང་དང་བཟོ་ལས་ཁང་། ང་ཚོའི་ཚོགས་པར་ཞབས་འདེགས་ཞུས་པའི་ལས་དོན་དག་ནི་ནམ་ཡང་གསུབ་ཐབས་མེད་པ་ཞིག་རེད། ཅེས་བརྗོད་འདུག

བྷེལ་གྷ་ཚི་དང་པོལ་ཨ་ལཱན་ལགས་གཉིས་ནི་ཆུང་དུས་ནས་གྲོགས་པོ་དང་སློབ་གྲོགས་ཀྱང་ཡིན་པ་དང་། ཁོང་ནི་གློག་ཀླད་འཕྲུལ་ལས་རིགས་ལ་ཧ་ཅང་སྤྲོ་བ་ཡོད་མཁན་ཞིག་དང་ལས་དོན་ཐད་ཧ་ཅང་ཧུར་བརྩོན་མཁན་ཞིག་ཡིན་པ་དང་།  ཕྱི་ལོ ༡༩༧༥ ལོར་ཐོག་མར་མཡེ་ཁོར་སོབ་ཊི་ཁེ་ལས་ཁང་གསར་འཛུགས་སྐབས་ཨ་ལཱན་ལགས་ནི་ཁེ་ལས་ཁང་གི་དཔེ་མཚོན་མི་སྣ་གཙོ་བོ་ཞིག་ཡིན་པ་མ་ཟད། ཁོང་གིས་ཕྱི་ལོ་ ༡༩༨༣ བར་ཁེ་ལས་ཁང་གི་ཉམས་ཞིབ་སྡེ་ཚན་དང་གསར་གཏོད་ལས་རིགས་ཡར་རྒྱས་ཁང་གི་འགན་འཛིན་གཞོན་པའི་ལས་འགན་འཁུར་ཡོད་པ་དང་། ཐོག་མར་གློག་ཀླད་འཕྲུལ་ཆས་རིགས་དེ་ཁང་པ་གཅིག་གི་བོངས་ཚད་ཡོད་སྐབས། པོལ་ཨ་ལཱན་ལགས་ནི་དེ་ཡར་རྒྱས་དང་ཇེ་ལེགས་སུ་གཏོང་མཁན་གཙོ་ཤོས་ཡིན་པ་དང་། ད་ལྟ་མི་མང་པོས་མི་སྒེར་གློག་ཀླད་གསར་གཏོད་ཐད་བྷེལ་གྷ་ཚི་ལས་ཁོང་ལ་བྱས་རྗེས་ཆེན་པོ་ཡོད་སྐོར་བརྗོད་མཁན་ཡང་ཡོད་འདུག

པོལ་ཨ་ལཱན་ལགས་ནི་ཕྱི་ལོ ༡༩༥༣ ཟླ་ ༡ ཚེས་ ༢༡ ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཏུ་སྐྱེས་ཤིང་། ཆུང་དུས་ནས་ཨ་རིའི་(Lakeside School)ཞེས་པའི་སྒེར་གཉེར་སློབ་གྲྭ་ཞིག་ཏུ་སློབ་སྦྱོང་བྱས་ཡོད་པ་དང་། སློབ་གྲྭ་དེའི་ནང་དུ་བྷེལ་གྷ་ཚི་དང་ཁོང་གཉིས་ཐོག་མར་གྲོགས་པོ་ཆགས་ཡོད་འདུག རྗེས་སུ་ཁོང་གིས་ཝ་ཤིན་ཊོན་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་བྱས་ཡོད་པ་དང་། གཙུག་ལག་ཁང་དེ་ནས་ཁོས་སྒེར་གྱི་གློག་ཀླད་ཉམས་ཞིབ་བྱེད་ས་ཞིག་བཙུགས་ན་ཡང་སློབ་གྲྭའི་ངོས་ནས་སྒོ་རྒྱག་ཏུ་བཅུག་པར་བརྟེན། ཁོ་རང་གཙུག་ལག་སློབ་གྲྭ་དེ་ནས་ཐོན་ཏེ་ཧ་ཝར་ཊི་གཙུག་ལག་སློབ་གཉེར་ཁང་གི་ཉེ་འགྲམ་ཞིག་ཏུ་སྒེར་གྱི་ལས་གཉེར་ཁང་ཞིག་སྒོ་ཕྱེ་ཡོད་འདུག ཕྱིས་སུ་བྷེལ་གྷ་ཚི་ཡང་ཧ་ཝར་ཊི་གཙུག་ལས་སློབ་གཉེར་ཁང་ནས་སློབ་མཚམས་བཞག་སྟེ་ཁོང་གཉིས་མཉམ་འབྲེལ་གྱིས་མཡེ་ཁོར་སོབ་ཊི་ཁེ་ལས་ཁང་གསར་འཛུགས་བྱས་ཡོད་འདུག

ད་ལྟའི་ཆར་ཁོང་ལ་བྱམས་བརྩེ་ཐེབས་རྩ་ཁང་དང་འཕྲུལ་ལས་བཟོ་གྲྭ། གསར་འགྱུར་ལས་རིགས་ཁང་། ཚན་རིག་ཉམས་ཞིབ་ཁང་། སྒེར་གཉེར་གནམ་རིག་བརྟག་དཔྱད་ཁང་། རྐང་རྩེད་སྤོ་ལོའི་རུ་ཁག ལག་རྩེད་སྤོ་ལོའི་རུ་ཁག ཚན་རིག་དང་ཆེད་ལས་ཉམས་ཞིབ་བྱེད་སའི་མཐོ་སློབ་ཁང་བཞི་སོགས་ལས་རིགས་སྣ་ཚོགས་པའི་སྦྱིན་བདག་ཆེན་མོ་ཞིག་ཡིན་པ་དང་།  ཁོང་གིས་ལོ་རེར་ཨ་སྒོར་ཐེར་འབུམ་ ༢ ལྷག་རེ་ཤེས་ཡོན་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ། སྒྱུ་རྩལ་དང་འཕྲོད་བསྟེན་སོགས་ཀྱི་ཆེད་གཏོང་གི་ཡོད་པ་དང་། ཁོང་ལ་ཐེངས་མང་པོར་རྒྱལ་སྤྱིའི་བྱ་དགའ་མཐོ་ཤོས་ཁག་ཅིག་ཐོབ་ཡོད་པ་དང་། ཕྱི་ལོ ༢༠༠༧ དང་༢༠༠༨ ལོའི་འཛམ་གླིང་གི་ཆེས་ཤུགས་རྐྱེན་ཆེ་བའི་མི་སྣ་ ༡༠༠ པའི་ནང་དུ་བདམས་ཡོད་འདུག་ལ། ཁོང་འདས་གྲོངས་སུ་སོང་བའི་གནས་ཚུལ་ཡོངས་བསྒྲགས་བྱས་རྗེས་འཛམ་གླིང་གི་ཁེ་ལས་ཁང་གྲགས་ཆེན་མང་པོས་མྱ་ངན་མཚོན་པའི་བསྒྲགས་གཏམ་སྤེལ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༡༦

Leave a Reply

2 thoughts on “འཛམ་གླིང་གི་ཕྱུག་བདག་ཆེན་མོ་ཞིག་འདས་གྲོངས་སུ་ཕྱིན།

  1. བཀླགས་ཟིན། མི་ཡག་པོ་ཞིག་ཡིན་པ་འདྲ། ང་ཚོ་བོད་པའི་ན་གཞོན་ཚོས་ཀྱང་མི་འདི་འདྲ་ལ་དཔེ་བལྟས་ཏེ་གསར་གཏོད་དང་མདུན་བསྐྱོད། མ་འོངས་པ་དང་འབྱུང་འགྱུར་གྱི་བོད་དང་བོད་མིའི་ཆེད་དུ་བྱ་བ་གང་ལེགས་བསྒྲུབ་པར་འབད་བརྩོན་བྱེད་དགོས། 

  2. གཞུང་པ་ཚེ་དབང་བསོད་ནམས་

    བོད་ཀྱི་དུས་བབ་གསར་ཁང་ལ་གནས་ཚུལ་འདི་འདྲ་མ་རྟོགས་རག་གི་ཡོད་
    ས་མ་རེད་དེ་སྔོན་དམངས་གཙོའི་གསར་ཤོག་སྐུ་བལྟམས་ནས་བཙན་བྱོལ་
    སྤྱི་ཚོགས་ནང་ཚར་ལོང་མ་ཐུབ་ནས་དེའི་ཡང་སྲིད་དུ་བྱོན་པའི་བོད་ཀྱི་དུས་
    བབ་གསར་ཤོག་འདི་ཡང་བཙན་བྱོལ་སྤྱི་ཚོགས་ནང་འགྲོ་དོན་སྐྱོངས་མི་ཐུབ་
    པ་ནི་གསར་ཤོག་སྟེང་རང་རེ་བོད་ཀྱིས་གནས་ཚུལ་དང་བཙན་བྱོལ་སྤྱི་ཚོགས་
    ནང་གི་གནས་ཚུལ་ཁག་གསལ་སྟོན་མ་ཐུབ་པར་མི་དགོས་པའི་ང་ཚོ་དང་བར་
    ཐག་འགྱངས་པའི་གནས་ཚུལ་བཙན་བྱོལ་སྤྱི་ཚོགས་ནང་ཐད་གཏོང་བྱེད་པ་ནི་
    རང་གི་མེ་ལ་མི་གི་ཐལ་བ་དྲོ་བ་ཟེར་བའི་དཔེ་དེ་མིན་པ་ཡིན་ནམ་།