གསེར་གྱི་གཟེངས་རྟཊ་ཉིན་མོ་སྲུང་གཙི་ཞུས།

དགའ་ལྡན་ཤར་རྩེ་གྲྭ་ཚང་གི་གོ་སྒྲིག་འོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༡༡ འཁོར་བའི་དུས་དྲན་སྲུང་གཙི་གནང་།

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༡༡ འཁོར་བའི་ཉིན་མོ་དང་བསྟུན། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གི་མི་མང་ཚོགས་ཁང་དུ་གསེར་གྱི་གཟེངས་རྟགས་ཉིན་མོ་སྲུང་གཙིའི་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་གདན་ས་ཆོས་སྒར་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དང་དགེ་བསྐོས། ཕྱག་མཛོད་རྣམ་པ། ས་འཐུས་ཚོགས་གཙོ། ས་གནས་མགོ་འཛིན་ལས་ཚབ། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ། གཞིས་གྲོང་ཁག་གི་སྤྱི་མི་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་སེར་སྐྱ་མི་མང་བཅས་འཛོམས་ཡོད་འདུག

མཛད་སྒོའི་ཐོག་མར་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲིར་བཞུགས་སུ་གསོལ་བ་དང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། ས་གནས་གཞིས་མགོའི་ལས་ཚབ་མཉམ་འབྲེལ་དྲུང་ཆེ་ལགས་ནས་༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་གསུང་བཤད་གནང་བ་དང་འབྲེལ། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཞི་བའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༡༡ འཁོར་བའི་བཀྲ་ཤིས་པའི་ཉིན་མོ་ཡིན་པ་དང་། དགའ་ལྡན་ཤར་རྩེ་གྲྭ་ཚང་གིས་གོ་སྒྲིག་ཐོག་ལོ་ལྟར་སྲུང་བརྩི་ཞུས་ཏེ་ལོ་ངོ་བཅུ་གཅིག་འགྲོ་གི་ཡོད། ཨ་རི་ལ་སྲིད་འཛིན་གྱི་རང་དབང་གཟེངས་རྟགས་དང་། གྲོས་ཚོགས་ཀྱི་ཞི་བའི་གཟེངས་རྟགས་གཉིས་ནི་ཨ་རིའི་རྒྱལ་ཡོངས་གཞུང་འབྲེལ་སྙན་གྲགས་ཅན་གྱི་གཟེངས་རྟགས་མཐོ་ཤོས་གཉིས་ཡིན་པ་དང་། གྲོས་ཚོགས་ཀྱི་གཟེངས་རྟགས་དེ་ ༡༧༧༦ ལོ་ནས་དངོས་སུ་འབུལ་འགོ་ཚུགས་ཤིང་། ཨ་རིའི་ལོ་རྒྱུས་དང་རིག་གཞུང་བཅས་ལ་ཤུགས་རྐྱེན་སྤྲོད་ཐུབ་མཁན་ཙམ་དུ་མ་ཟད། འཛམ་གླིང་སྤྱིའི་བདེ་དོན་སླད་མཛད་འཁུར་བླ་མེད་བཞེས་མཁན་རྣམས་ལའང་ཆེ་བསྟོད་དུ་འབུལ་སྲོལ་ཡོད་འདུག ཅེས་གསུངས་སོང་།
ཡང་ཨ་རིའི་གཟེངས་རྟགས་ཕུལ་ཕྱོགས་སྐོར་ལ་ཁོང་གིས། ཨ་རིའི་གཟེངས་རྟགས་འོས་མི་གང་ཞིག་ལ་འབུལ་རྒྱུར་གྲོས་ཆོད་གཏན་འབེབས་ཡོང་བ་ལ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་པ་ཞིག་དགོས་ཀྱི་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཟེངས་རྟགས་འབུལ་བཞེས་མཛད་པ་དེ་སྔའི་གཟེངས་རྟགས་བཞེས་མཁན་གཞན་དང་མི་འདྲ་བར་དམིགས་བསལ་ཞིག་བྱུང་ཡོད་པ་ནི། གྲོས་ཚོགས་གོང་འོག་གཉིས་ནས་མང་མོས་རྒྱབ་སྐྱོར་ཧ་ཅང་ཚད་མཐོ་བོ་བྱུང་བ་དང་། གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དངོས་གཞིའི་སྐབས་ཨ་རིའི་སྲིད་འཛིན་ཆེད་ཕེབས་ཀྱི་ཐོག་ནས་འབུལ་བཞེས་མཛད་པ་སོགས་བྱུང་ཡོད་རེད། ཅེས་གསུངས་སོང་།

མཇུག་ཏུ་ཁོང་གིས། དེང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་སྒྲོ་སྐུར་ཞུ་མཁན་རྒྱ་གུང་ཁྲན་ཏང་དང་། བོད་མི་ཉུང་ཤས་ཤིག་ཡོད་པ་རྣམས་ལ་བརྡ་ལན་འཕྲོད་དགོས་པ་ཞིག་ནི། ཁྱེད་རྣམས་ལ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱབ་སྐྱོར་དང་རྒྱབ་སྐྱོར་མཚོན་སླད་གཟེངས་རྟགས་ཅི་ཙམ་ཐོབ་ཡོད་དམ། ཁྱེད་རྣམས་ཀྱིས་དངོས་སུ་༸གོང་ས་མཆོག་ལ་མཚན་སྨད་ཞུ་ཡི་ཡོད་ཀྱང་། དོན་ལ་༸གོང་ས་མཆོག་ལ་གཟེངས་རྟགས་འབུལ་མཁན་གྱི་ཨ་རིས་གཙོས་རྒྱལ་ཁབ་ཁག་དང་ཚོགས་སྡེ་ཀུན་ལ་མཚན་སྨད་ཞུ་བཞིན་ཡོད། ༸གོང་ས་མཆོག་ནི་བོད་གཞིས་བྱེས་གཉིས་ན་ཡོད་པའི་བོད་མི་རྣམས་ཀྱི་སྐྱབས་དང་མགོན། རེ་བའི་མིག་ཟུང་གཏོད་ས་གཅིག་པུ་དེ་ཡིན་སྟབས། བོད་རྒྱ་ཆེ་མི་མང་གི་སེམས་ལ་ཕོག་ཐུག་ཅི་ཞིག་བཟོ་གི་ཡོད་མེད་ཀྱང་མི་ཞིག་ཡིན་ན་ཤེས་དགོས། ཞེས་སོགས་གསུངས་ཡོད་པ་རེད།

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ནས་གནས་ཚུལ་མཁོ་གཏོང་གནང་།

བསྐྱར་བཅོས།: ༢༠༡༨/༡༠/༡༧

Leave a Reply

2 thoughts on “གསེར་གྱི་གཟེངས་རྟཊ་ཉིན་མོ་སྲུང་གཙི་ཞུས།

  1. བློ་བཟང་རྣམ་རྒྱལ་དཔལ་འབར

    ས་གནས་གཞིས་མགོའི་ལས་ཚབ་མཉམ་འབྲེལ་དྲུང་ཆེ་ལགས་ནས་ནོར་རེད་ ས་གནས་གཞིས་འགོའི་ལས་ཚབ་ལས་དྲུང་དཔྱི་ས་ཚེ་ལྷ་ལགས་ནས་གནང་པ་རེད་མ་གཏོགས་མཉམ་འབྲེལ་དྲུང་ཆེ་མ་རེད་་་་མྱར་ཏུ་ནོར་བཅོས་བྱ་དགོས་པར་འདུག

  2. བྱམས་པ་ཐོགས་མེད།

    དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་འདུས་མང་ཡོངས་ལ་བཀའ་དྲིན་ཆེ་ཞུ། ལོ་ལྟར་སྲུང་གཙི་གནང་བ་དང་གོ་སྒྲིག་ཡག་པོ་གནང་གི་འདུག