ངེད་མ་བུ་གཉིས་འུ་ཐུག་ཐབས་ཟད་ཀྱིས་བྲོས་བྱོལ་དུ་ཡོང་བ་ཡིན་ཟེར།

དྷ་སའི་དབུས་སྣེ་ལེན་ཁང་དུ་བོད་ནས་སྐྱེས་པ་ ༦ དང་བུད་མེད་གཅིག་བཅས་བོད་མི་ ༧ གསར་དུ་འབྱོར་འདུག་པ་དང་། འདི་གའི་གསར་འགོད་པས་བོད་ནང་སློབ་གྲྭར་འགྲིམས་པར་དཀའ་ངལ་མང་པོ་མྱངས་པ་དང་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་མྱོང་པའི་མ་བུ་གཉིས་ལ་བཅར་འདྲི་བྱས་ཡོད།ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གཞུང་གིས་བོད་མཚོ་ལྷོ་ཁུལ་གྱི་སློབ་གྲྭ་ཁག་ནང་བོད་སྐད་ཡིག་གི་སློབ་འཁྲིད་མེད་པར་བཟོ་རྒྱུའི་བཀའ་ཁྱབ་བསྒྲགས་པར་བརྟེན་སློབ་ཕྲུག་ཚོས་ཞི་རྒོལ་ལས་འགུལ་སྤེལ་བའི་སྐོར་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས། ལོ་དེའི་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་སློབ་མ་ཡོངས་ཀྱིས་སྐད་འབོད་དང་འབོད་ཚིག་བསྒྲགས་ནས་དངོས་སུ་མཚོ་ལྷོ་འབའ་རྫོང་གི་སྲང་ལམ་དང་། སྲིད་གཞུང་གི་མདུན་དུ་ཞི་བའི་སྐད་འབོད་བྱས་རྐྱེན། ང་དང་སློབ་གྲོགས་ ༡༠ ལྷག་མངགས་གཏོང་ཁང་ལ་འབོད་འགུག་བྱས་ཏེ་ལས་འགུལ་དེ་སུས་རྩ་འཛུགས་བྱེད་ཀྱི་ཡོད་མེད་དང་། དགེ་རྒན་སུ་ཡོད་མེད། དེ་བཞིན་ལས་འགུལ་དེའི་དམིགས་ཡུལ་ག་རེ་ཡིན་མིན་སྐོར་འདྲི་རྩད་རིམ་པ་བྱས་སོང་ལ། ཆབ་སྲིད་སློབ་གསོ་བཏང་རྗེས་ལས་འགུལ་དེའི་རིགས་མི་སྤེལ་པའི་ཁག་ཐེག་ཡི་གེ་འབྲི་རུ་བཅུག་སྟེ་མིང་རྟགས་རྒྱག་ཏུ་བཅུག་སོང་། དེའི་རྗེས་ཕྱི་ལོ་ ༢༠༡༢ ལོར་མཚོ་ལྷོ་ཁུལ་ཐོག་ཏུ་ཡང་སློབ་འབྲིང་སྐབས་སུ་སྐད་གཉིས་སློབ་འཁྲིད་དགོས་པའི་སྐད་འབོད་ཁྲོམ་སྐོར་ནང་ང་མཉམ་ཞུགས་བྱས་རྐྱེན། སློབ་འབྲིང་གི་སློབ་མ་གཞན་ཚོས་རྒྱུགས་འབྲས་ཁྱབ་བསྒྲགས་བྱས་ཚར་ན་ཡང་། ང་གཅིག་པོའི་སྐར་གྲངས་གསལ་བསྒྲགས་མ་བྱས་སྟབས་ཐབས་ཤེས་ཟད་དེ་རྒྱ་ནང་གི་ཅང་སའོ་ལག་རྩལ་སློབ་གྲྭར་ཞུགས་ནས་ལག་ཤེས་སྦྱོང་མགོ་བརྩམས་པ་ཡིན། ཟླ་གཅིག་གི་རྗེས་ང་མཚོ་སྔོན་དགེ་ཐོན་བོད་ཡིག་སློབ་ཆེན་ལ་རྒྱུགས་འཕྲོད་ཡོད་པའི་བརྡ་སྦྱོར་འབྱོར་སོང་ཡང་། དེ་དུས་མཐོ་སློབ་ཁག་གི་སློབ་འཇུག་དུས་ཡུན་རྫོགས་ཚར་ནས་ཡོད་ཚད་ཕྱི་དྲགས་སོང་བ་རེད།  ཅེས་བརྗོད་སོང་།

 ཁོའི་ཨ་མས་གསར་འགོད་པར། ངའི་བུ་སློབ་སྦྱོང་ལ་དོ་སྣང་དང་དགའ་ཞེན་ཡོད་སྟབས་སློབ་གྲྭའི་དགེ་རྒན་མང་པོས་བསྟོད་བསྔགས་བྱེད་ཡུལ་ཞིག་ཡིན་ལ། རིག་པ་ཅན་ཞིག་ཀྱང་ཡིན། ཡིན་ཡང་ངེད་མ་བུ་གཉིས་ལ་གཞུང་ཕྱོགས་ནས་དོགས་གཞི་ཡོད་རྐྱེན། ངའི་བུ་ཡིས་རང་ཉིད་འདོད་པ་ཡོད་པ་དང་ཡིག་རྒྱུགས་འཕྲོད་ཡོད་པའི་མཐོ་སློབ་ཞིག་ཏུ་སློབ་སྦྱོང་བྱེད་ཐུབ་མེད་པ་མ་ཟད། སྤྱིར་སྲིད་གཞུང་ངོས་ནས་མཐོ་སློབ་ལ་འགྲོ་མཁན་སློབ་མ་ཚོར་སློབ་སྦྱོང་གི་མཐུན་རྐྱེན་ཆེད་བུ་ལོན་སྔ་གཡར་བྱས་ཏེ་སློབ་མཐར་ཕྱིན་རྗེས་ཕྱིར་སྤྲོད་ཆོག་པའི་སྲིད་བྱུས་ཤིག་ཡོད་པ་རེད་དེ། ངས་བུ་ཡི་སློབ་སྦྱོང་ཆེད་ཡར་ཞུ་ཞུས་པ་ཡིན་ཡང་། དེ་ཡང་རོགས་སྐྱོར་གང་ཡང་ཐོབ་མ་བྱུང་། ཅེས་བརྗོད་སོང་།

ཨ་མ་ལགས་དེས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༣ ནང་འབའ་ཤིང་ཁྲི་དགོན་གྱི་གྲྭ་པ་རྣམས་ཀྱིས་རྒྱ་གཞུང་ལ་ཁྲོམ་སྐོར་སྐད་འབོད་བྱེད་སྐབས་ཨ་མ་ལགས་དེ་མཉམ་ཞུགས་བྱས་ཡོད་པའི་རྐྱེན་གྱིས་ཉེན་རྟོག་པས་གནོན་ཤུགས་རབ་དང་རིམ་པ་སྤྲད་མྱོང་ཡོད་འདུག དེ་བཞིན་ཕྱི་ལོ་ ༢༠༡༤ ནས་ ༢༠༡༧ བར་མོས་སྐད་འཕྲིན་གྱི་ཚོགས་པ་བརྒྱུད་སློང་མོ་བྱས་ཏེ་བོད་ནང་གི་ནད་པ་ཉམ་ཐག་དང་སློབ་ཡོན་སོགས་ཀྱི་ཐོག་དཀའ་ཁག་ཡོད་པའི་སློབ་མར་རོགས་རམ་གང་ཐུབ་གནང་སྟེ། ཡུལ་མི་ཚོས་ཕན་ཐོགས་ཆེན་པོ་བྱུང་ཞེས་བསྔགས་བརྗོད་བྱས་ཡོད་ཀྱང་། ཉིན་ཞིག་ཡུལ་ཚོའི་ཉེན་རྟོག་པས་ཁ་པར་བརྒྱུད་འབོད་འགུག་བྱས་ཏེ་དུས་ཚོད་ ༤ རིང་འདྲི་གཅོད་ཁང་དུ་འདྲི་གཅོད་དང་འཇིགས་སྐུལ་བྱས་ཡོད་པ་མ་ཟད། ཕྱི་ཉིན་དེར་འབའ་རྫོང་ཉེན་རྟོག་པས་འབོད་འགུག་གིས་འདྲི་རྩད་བྱས་ཡོད་པའི་སྐོར་ལ་མོས། སྲིད་གཞུང་གིས་སློབ་ཡོན་དང་ནད་པ་མང་པོ་ཞིག་ལ་རོགས་དངུལ་ག་ཚོད་གཏོང་གི་ཡོད་མེད་ཨེ་ཤེས། ཁྱོད་ཚོས་སྒེར་ནས་ཚོགས་པ་བཙུགས་སྟེ་སློབ་ཡོན་དང་ནད་པར་རོགས་དངུལ་མང་པོ་སྤྲད་པ་དེ། སྲིད་གཞུང་ལ་ངོ་རྒོལ་བྱས་པ་དང་གཅིག་པ་རེད། ཁྱེད་རང་ཚོར་མ་དངུལ་གཏོང་མཁན་སུ་དང་སུ་ཡོད་པ་དང་རྒྱབ་ལོག་ན་ཏཱ་ལའི་རུ་ཚོགས་ཨེ་ཡོད། ཁ་པར་ནང་དུ་ཏཱ་ལའི་བླ་མའི་པར་ཨེ་ཡོད། ཅེས་སོགས་འདྲི་རྩད་བྱས་ཏེ་ཞལ་འདེབས་བསྡུ་སློང་གི་སྐད་འཕྲིན་ཚོགས་པ་སྒོ་བརྒྱབས་པ་དང་། དེ་ནས་བཟུང་ཟླ་ ༣ རིང་ངའི་ཁ་པར་འཕྲོག་སྟེ་ཕྱིར་མ་སྤྲད་པ་དང་། ལོ་གཉིས་ཙམ་རིང་ས་ཐག་རིང་པོར་ལས་ཀར་སོང་མི་ཆོག་པ་བཟོས་པ་མ་ཟད། སོ་སོའི་སྡེ་བ་ནས་ཀྱང་ཕྱི་རུ་སོང་མི་ཆོག་པའི་ཉེན་བརྡ་བཏང་བ་དང་། མོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ནན་པོ་བྱས་ཡོད་སྐོར་བརྗོད་བྱུང་།

ཡང་ཨ་མ་དེས། གང་ལྟར་སྐབས་དེར་བཙན་གནོན་ཞིག་གི་འོག་ཏུ་སྡོད་པ་ལས་ཤི་རུང་འགྱོད་པ་མེད་པའི་གནས་སྟངས་སུ་ལྷུང་། གོང་རིམ་ནས་འཚོ་བའི་དཀའ་ཁག་ཅན་ལ་རོགས་སྐྱོར་བྱེད་བཞིན་པ་དེ་ཚོ་ངེད་མ་བུ་གཉིས་ལ་གང་ནས་ཐོབ། སྲིད་གཞུང་གི་དོགས་གཞི་ཅན་གྱི་མི་ཡིན་པས་ཐ་ན་དཀའ་ཁག་ཡར་ཞུ་བྱེད་སའི་མི་ཞིག་ཀྱང་རག་ཁག་པོ་ཡིན་སྟབས། ངེད་མ་བུ་གཉིས་རྒྱ་གར་ལ་འབྲོ་རྒྱུའི་སེམས་ཐག་གཙང་བཅད་བྱས་པ་ཡིན།  ང་ནག་ཉེས་ཅན་ཏུ་རྩི་ཡི་འདུག་པས་མི་ལག་བརྒྱུད་ངའི་ཐའེ་ལན་ཊིར་ཡུལ་སྐོར་གྱི་ཕྱི་སྐྱོད་ལག་འཁྱེར་ལ་རྒྱ་སྒོར་ཁྲི་ ༥ གཏའ་མར་བཞག་པ་མ་ཟད། བུས་ཕྱིར་ལོག་བྱ་རྒྱུ་ཡིན་པའི་ཁག་ཐེག་བྱས་ཡོད་པ་ལྟར་ཡུལ་སྐོར་གྲུབ་ཏེ་ཕྱིར་ལོག་སྐབས། ཟི་ལིང་གནམ་ཐང་དུ་བོད་མི་ཕྱི་སྐྱོད་ལག་འཁྱེར་ཅན་རྣམས་ཀྱི་ལག་འཁྱེར་ཕྱིར་བསྡུ་བྱེད་བཞིན་འདུག་པས། ངེད་མ་བུ་གཉིས་ཀྱིས་འཛིན་བཟུང་བྱས་རུང་འགྱོད་པ་མེད་པའི་སེམས་ཐག་གཙང་བཅད་ཀྱིས། གནམ་ཐང་ལ་འབྱོར་མ་ཐག་པའི་འདི་ལོའི་ཕྱི་ ༨ ཚེས་ ༡༦ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༦ སྟེང་གནམ་ཐང་ནས་ཕྱི་སྐྱོད་ལག་འཁྱེར་རྩིས་སྤྲོད་མ་བྱས་པར་བྲོས་ཕྱིན་པ་ཡིན། ཟི་ལིང་ནས་བྲོས་ཏེ་རྒྱ་ནག་གི་ཞི་ཨན་ལ་མེ་འཁོར་ནང་ཉིན་མཚན་གཉིས་ལ་ཕྱིན་པ་དང་། ཕྱི་ཚེས་ ༡༨ དེ་གཟའ་ཉི་མ་ཉིན་ངའི་བུས་དྲ་ཐོག་ནས་བལ་ཡུལ་གྱི་གནམ་གྲུའི་འཛིན་བྱང་ཉོས་ཏེ་ས་མཚམས་ནས་ཐར་ཙམ་བྱུང་བ་རེད། ཅེས་བརྗོད་བྱུང་།

བུ་ཡིས་གསར་འགོད་པར། ཁོང་གཉིས་ལ་འབྲེལ་ཡོད་ལས་བྱེད་པས་ཁ་པར་ཡོང་ནས་ཕྱི་སྐྱོད་ལག་འཁྱེར་རྩིས་སྤྲོད་དགོས་པའི་བརྡ་འདེད་བཏང་ཡོད་པ་དང་། ཁོང་གཉིས་ཀྱིས་ཕྱིར་ཕ་ཡུལ་ལ་བསླེབ་རྗེས་ས་གནས་སྲིད་གཞུང་ལ་ལག་འཁྱེར་རྩིས་སྤྲོད་བྱ་རྒྱུ་ཡིན་ལུགས་བཤད་ཡོད་པ་དང་། ད་ལྟའང་འཕྲིན་ཐུང་བསྐུར་ནས་ལག་འཁྱེར་རྩིས་སྤྲོད་དགོས་པའི་སྐུལ་མ་བཏང་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༡༨

Leave a Reply

2 thoughts on “ངེད་མ་བུ་གཉིས་འུ་ཐུག་ཐབས་ཟད་ཀྱིས་བྲོས་བྱོལ་དུ་ཡོང་བ་ཡིན་ཟེར།

  1. ཡ་ཡ་ཡག་པོ་རེད། གསར་འགོད་པའི་དྲི་བར་དྲི་ལན་གྱི་སྒྲུང་སྙན་པོ་འདུག སྔ་མ་ཕྱི་ལོ་བརྒྱད་ཅུ་གྱ་གྲངས་དང་དགུ་བཅུ་གོ་གྲངས་ལ་ཆབ་སྲིད་དང་འབྲེལ་བ་མེད་ཀྱང་ཕྱི་བསྐྱོད་ལག་འཁྱེར་མི་རེག་པར་རྐང་ཕྱིད་ལག་ཕྱིད་དང་ཚེ་སྲོག་ཤོར་གྲབ་བྱས་ཏེ་ཐར་དགོས་པ་རེད། དེང་སྐབས་ཆབ་སྲིད་ཀྱི་ཕྱག་ལས་གནང་བ་ཙམ་མ་ཟད་ཕྱི་བསྐྱོད་ལག་འཁྱེར་བླངས་ཏེ་གནམ་གྲུར་བསྡད་དེ་བྲོས་བྱོལ་ལ་འབྱོར་ཐུབ་པ་དེ་ཡང་ཡར་ཐོན་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་

    དངོས་གནས་དཔའ་བོ་ཟེར་ན་དེ་རེད་ལ་དཔའ་མོ་ཟེར་ན་ཡང་དེ་རེད་
    དེང་སང་རྒྱའི་བཙན་འོག་ནས་བོད་མི་ཡོང་ཐུབ་མཁན་ཉུང་ཡིན་པའི་སྐབས་
    འདིར་བོད་མི་བདུན་རྡ་ས་སྣེ་ལེན་ཁང་དུ་བདེ་འབྱོར་ཐུབ་ནི་ཧ་ལས་པའི་
    རླབས་ཆེན་ངོ་མ་དེ་ཡིན་པ་དང་ཁོང་ཚོར་དབུས་བོད་མིའི་སྒྲིག་འཛུག་སྡེ་
    སྲུང་ལྷན་ཁང་དང་དབུས་སྣེ་ལེན་འབྲེལ་འདུད་ཁང་རྡ་སའི་ས་གནས་མི་
    མང་བཅས་ནས་ལྟ་རྟོགས་དང་རོགས་མགོན་ཟབ་ནན་གནང་དགོས་པ་དེ་
    མི་ལན་མ་རེད་ས་ལན་རེད་དོ་།