ཨ་རི་རྒྱལ་སྤྱིའི་སྦྲག་སྲིད་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་འབུད་རྒྱུ་ཡིན་ཟེར།

རྒྱལ་སྤྱིའི་སྦྲག་སྲིད་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་སོགས་རྒྱལ་ཁབ་ཁག་ཅིག་ལ་སྦྲག་གླ་ཁེ་པོ་བྱས་ཏེ་འདྲ་མཉམ་མིན་པའི་ལས་ཀ་བྱེད་ཀྱི་འདུག་པས་ཨ་རི་མཐུན་ཚོགས་དེའི་ཁོངས་ནས་ཕྱིར་འབུད་རྒྱུ་ཡིན་ཟེར།ཁ་སང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན།  ཨ་རིའི་སྲིད་འཛིན་ཊོམ་ཕུས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ་རྒྱལ་སྤྱིའི་སྦྲག་སྲིད་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་ལྟ་བུ་རྒྱལ་ཁབ་ཁག་ཅིག་ལ་རིན་གོང་ཆུང་ཆུང་གིས་ཅ་དངོས་དབོར་འདྲེན་གྱིས་ཁེ་སྤོགས་སྤྲོད་ཀྱི་ཡོད་པས། སྦྲག་སྲིད་མཉམ་འབྲེལ་མཐུན་ཚོགས་ཀྱིས་འདྲ་མཉམ་མིན་པའི་ལས་ཀ་བྱེད་ཀྱ་ཡོད་པ་དེར་བསྒྱུར་བཅོས་མ་གཏང་ན། རྒྱལ་ཁབ་ ༡༩༢ ཡོད་པའི་མཐུན་ཚོགས་དེའི་ཁོངས་ནས་ཨ་རི་ཕྱིར་འབུད་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཨ་རིའི་གནད་དོན་ཚང་མ་རྒྱ་ནག་ལ་ཁ་གཡར་ནས་རྙོག་ཟིང་མ་སློངས་ཞེས་རྒོལ་ལན་སློག་འདུག

གནད་དོན་དེའི་ཐད་ཆེད་དུ་བསྡུས་པའི་གསར་འགོད་གསལ་བསྒྲགས་ཐོག་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ལོའུ་ཁང་ཟེར་བ་ཞིག་གིས།  ཨ་རི་རྒྱལ་སྤྱིའི་སྦྲག་སྲིད་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་འཐེན་བྱ་རྒྱུ་མགོ་ཚུགས་པ་རེད། ཨ་རིའི་ཕྱོགས་ནས་རྒྱལ་སྤྱིའི་སྦྲག་སྲིད་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་དང་རྒྱལ་ཁབ་ཁག་ཅིག་ལ་ཁེ་ཕན་སྤྲོད་ཀྱི་ཡོད་ལུགས་བརྗོད་པ་དེར་བློ་ཕམ་ཆེན་པོ་ཡོད། ཨ་རིས་རྒྱ་ནག་ལ་ཁ་གཡར་ཏེ་རྙོག་དྲ་སློང་མི་འོས། ཞེས་བརྗོད་འདུག

ཡང་ཁོས། ཨ་རིའི་རྒྱ་ནག་ལ་ཁ་གཡར་ཏེ་རྒྱལ་སྤྱིའི་མཐུན་ཚོགས་ཁག་ནས་ཕྱིར་འབུད་བྱས་པ་ཐེངས་གཅིག་གཉིས་མ་རེད། ཨ་རིར་རང་ཉིད་ཀྱི་བསམ་ཕྱོགས་ཡོད་སྲིད་མོད། འོན་ཀྱང་རྒྱ་ནག་ལ་ཁ་གཡར་ཏེ་རྙོག་དྲ་བཟོ་བའི་དགོས་པ་གཏན་ནས་མེད། རྒྱལ་སྤྱིའི་སྦྲག་སྲིད་མཉམ་འབྲེལ་མཐུན་ཚོགས་ནི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་དོན་སྒྲིག་འཛུགས་ཤིག་ཡིན་ལ། དེས་རྒྱལ་ཁབ་ཁག་འབྲེལ་འདྲིས་དམ་ཟབ་དང་། ཉོ་ཚོང་སྟབས་བདེ་རུ་གཏོང་རྒྱུའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་བཞིན་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་སྲུང་སྐྱོབ་ཧུར་ཐག་བྱེད་པ་དང་། རྒྱལ་སྤྱིའི་སྲིད་མཐུན་ཚོགས་ཀྱི་ལས་དོན་ནང་ཧུར་ཐག་སྒོས་ཞུགས་རྒྱུ་མ་ཟད།  རྒྱབ་སྐྱོར་བྱེད་མཁན་ཕྱོགས་ཁག་དང་མཉམ་དུ་རྒྱལ་སྤྱིའི་སྦྲག་སྲིད་ལས་དོན་གོང་འཕེལ་གཏོང་རྒྱུར་ནུས་ཤུགས་བཏོན་པ་ཡིན། ཞེས་བརྗོད་འདུག

ད་ལན་ཨ་རི་རྒྱལ་སྤྱིའི་སྦྲག་སྲིད་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་འབུད་དགོས་དོན་གཙོ་བོ་ནི། རྒྱ་ནག་གི་ཚོང་ཟོག་ཆུང་རིགས་སྦྲག་གླ་དམའ་བོ་བྱས་ནས་ཨ་རི་གཙོའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་འབོར་ཆེན་གཏོང་གི་ཡོད་ཀྱང་། ཚོང་ལས་ཀྱི་ཁེ་ཕན་དེ་ཨ་རིའི་སྦྲག་སྲིད་ལས་ཁུངས་ཁག་ལ་འབབ་ཀྱི་མེད་པས་ཡིན་པ་དང་། གནད་དོན་དེའི་ཐད་སྲིད་འཛིན་ཊོམ་ཕུ་ཡིས་རྒྱལ་སྤྱིའི་སྦྲག་སྲིད་མཉམ་འབྲེལ་མཐུན་ཚོགས་ཀྱིས་གཏན་འབེབ་བྱས་པའི་སྦྲག་གླར་བསྟུན་དགོས་པའི་སྟབས་ཀྱིས། ཨ་རིའི་སྦྲག་སྲིད་ལས་ཁུངས་ལ་ལོ་ལྟར་ཨ་སྒོར་དུང་ཕྱུར་ ༡ དང་བྱེ་བ་ ༧ ལྷག་གྱོང་གུད་ཕོག་གི་འདུག་ལ། དེ་སྔོན་ནས་ཨ་རིར་རྒྱལ་སྤྱིའི་སྦྲག་སྲིད་མཉམ་འབྲེལ་མཐུན་ཚོགས་ཀྱི་སྦྲག་གླར་བསྟུན་དགོས་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་འདུག

རྒྱལ་སྤྱིའི་སྦྲག་སྲིད་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁྲིམས་སྲོལ་ལྟར་ན། ཨ་རིའི་ཚོང་དོན་ཁྲོམ་རའི་ནང་དུ་རྒྱལ་ཁབ་གཞན་གྱི་སྒེར་གཉེར་སྦྲག་སྲིད་སྐྱེལ་འདྲེན་ལས་ཁུངས་ཁག་གིས་ཚོང་ལས་གཉེར་ཏེ་འགྲན་སྡུར་བྱེད་ཆོག་ན་ཡང་། ཨ་རིའི་ཡིག་ཟམ་ལས་ཁུངས་ལ་ཚོང་ལས་གཉེར་ཐབས་མེད་པར་གྱོང་གུད་ཕོག་གི་ཡོད་འདུག  རྒྱ་ནག་ནས་ཨ་རིར་བསྐུར་པའི་དངོས་ཟོག་དོ་པོ་གཅིག་གི་སྦྲག་གླ་དང་། ཨ་རིའི་རྒྱལ་ནང་དུ་བསྐུར་བའི་དངོས་ཟོག་གཉིས་བསྡུར་ན་ཨ་རིའི་རྒྱལ་ནང་དུ་བསྐུར་བའི་དངོས་ཟོག་གི་སྦྲག་གླ་ཆེ་བ་ཡོད་འདུག  ཕྱི་ལོ་ ༡༨༧༤ ལོར་རྒྱལ་སྤྱིའི་སྦྲག་སྲིད་མཉམ་འབྲེལ་མཐུན་ཚོགས་གསར་འཛུགས་སྐབས། རྒྱ་ནག་ནས་བསྐུར་པའི་དངོས་ཟོག་དོ་པོ་སྤྱི་རྒྱ་ ༤ དང་སྲང་ ༤ མན་ཆད་ཚང་མར་ཨ་རིས་སྦྲག་སྲིད་ལས་ཁུངས་ནས་སྦྲག་གླ་ཕྱེད་བཅག་གཏོང་རྒྱུར་ཨ་རིས་མོས་མཐུན་བྱས་ཡོད་ན་ཡང་། ད་ལྟ་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་གྱུར་བའི་རྒྱ་ནག་གིས་སྦྲག་གླ་ཕྱེད་ཀ་ལས་སྤྲོད་ཀྱི་མེད་པ་དེ་འདྲ་མཉམ་མིན་སྐོར་བརྗོད་བཞིན་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཆོས་ཨ་རིས་རྒྱལ་སྤྱིའི་སྦྲག་སྲིད་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་འབུད་ཀྱི་གསལ་བསྒྲགས་སྤེལ་དོན་ནི་ཨ་རྒྱའི་ཚོང་དམག་གནད་དོན་གྱིས་ཡིན་པ་དང་། གལ་ཏེ་ཨ་རིས་རྒྱལ་སྤྱིའི་སྦྲག་སྲིད་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་འཐེན་བྱས་པ་ཡིན་ན། ཕྱིའི་རྒྱལ་ཁབ་ཀྱི་སྦྲག་སྲིད་སྐྱེལ་འདྲེན་ལས་ཁུངས་ཁག་གིས་ཨ་རིའི་ཁྲོམ་རའི་ནང་དུ་ཚོང་ལས་གཉེར་ཆོག་གི་མེད་པས་ཕྱི་རྒྱལ་ནས་ཨ་རིར་བསྐུར་པའི་སྐྱེལ་འདྲེན་གྱི་ཚོང་ལས་ཚང་མ་ཨ་རིའི་སྦྲག་སྲིད་ལས་ཁུངས་དང་ཨ་རིའི་སྒེར་གཉེར་སྦྲག་སྲིད་སྐྱེལ་འདྲེན་ལས་ཁུངས་ཁག་ལ་སླེབ་ཀྱི་ཡོད་པས་ཡིན་སྐོར་བརྗོད་འདུག

རྒྱལ་སྤྱིའི་སྦྲག་སྲིད་མཉམ་འབྲེལ་མཐུན་ཚོགས་ནི་ཕྱི་ལོ་ ༡༨༧༤ ལོར་གསར་འཛུགས་བྱས་ཡོད་པ་དང་། ད་ལྟ་ཚོགས་ཞུགས་རྒྱལ་ཁབ་ ༡༩༢ ཡོད་འདུག མཐུན་ཚོགས་དེས་རྒྱལ་སྤྱིའི་དངོས་ཟོག་དབོར་འདྲེན་གྱི་སྦྲག་སྲིད་ཁྲིམས་སྲོལ་ལམ་ལུགས་བཟོ་བཅོས་བྱེད་ཀྱི་ཡོད་པ་དང་། མཐུན་ཚོགས་དེའི་ཁྲོད་གལ་ཏེ་རྒྱལ་ཁབ་ཅིག་ཕྱིར་འཐེན་བྱེད་འདོད་ཡོད་ཚེ། ཕྱིར་འཐེན་གྱི་སྙན་ཞུ་ཕུལ་བ་དང་གསལ་བསྒྲགས་བྱས་ནས་ལོ་གཅིག་གི་རྗེས་སུ་དངོས་སུ་ལག་བསྟར་བྱེད་ཆོག་སྟབས། ཕྱི་ལོ་ ༢༠༢༠ ལོ་ནས་ཨ་རི་རྒྱལ་སྤྱིའི་སྦྲག་སྲིད་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁོངས་ནས་དངོས་སུ་འཐོན་ཆོག་གི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༢༢

Leave a Reply

One thought on “ཨ་རི་རྒྱལ་སྤྱིའི་སྦྲག་སྲིད་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་འབུད་རྒྱུ་ཡིན་ཟེར།