རྒྱ་ནག་མི་དགོས། ཐའེ་ཝན་དགོས།

ཐའེ་ཝན་གྱི་དམངས་གཙོ་དོན་གཉེར་བ་སྟོང་ཕྲག་འགས་ཐའེ་ཝན་རྒྱ་ནག་གི་མངའ་ཁོངས་ནས་ལོགས་སུ་རང་བཙན་བྱེད་པར་མི་མང་ནང་འོས་བསྡུ་དགོས་པའི་རེ་སྐུལ་ཞུས་འདུགཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཐའེ་ཝན་ཧྥོར་མོ་སཱ་མནའ་འབྲེལ་ཚོགས་པའི་(Formosa Alliance)གོ་སྒྲིག་འོག ཐའེ་ཝན་གྱི་རང་བཙན་དོན་གཉེར་བ་སྟོང་ཕྲག་མང་པོ་རྒྱལ་ས་ཐའེ་པའེ་ཡི་པའེ་ཕིང་གཞུང་ལམ་དུ་འདུ་འཛོམས་བྱས་ཏེ། སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་གྱིས་དབུ་འཁྲིད་པའི་དམངས་གཙོའི་གཞུང་ནས་ཐའེ་ཝན་མཚོ་འགག་རྒྱ་ནག་ནས་ལོགས་སུ་འཐོན་པར་འོས་བསྡུ་དགོས་པའི་རེ་འབོད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་ཡོད་དང་། སྐབས་དེར་ལས་འགུལ་བ་ཚོས་ཐའེ་ཝན་ནི་ཐའེ་ཝན་རང་ཡིན། ང་ཚོ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ཞེས་པ་དང་། རྒྱ་ནག་མི་དགོས། ཐའེ་ཝན་དགོས། བཤུ་གཞོག་དང་དབང་སྒྱུར་ཟླ་སྒྲིལ་མི་དགོས་ཟེར་བ་སོགས་ཀྱི་འཕྲེད་དར་འཕྱར་ཏེ་འབོད་ཚིག་བསྒྲགས་ཡོད་འདུག

རང་བཙན་དོན་གཉེར་བ་ཧྥོར་མོ་སཱ་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ཀའོ་ཕེ་ཧོང་(Kuo Pei-horng)ལགས་ཀྱིས། སྐད་འབོད་ལས་འགུལ་འདིས་ཐའེ་ཝན་མི་མང་རྣམས་རྒྱ་ནག་དང་ཕྱིའི་རྒྱལ་ཁབ་གཞན་གྱི་བཙན་འཛུལ་ལ་མགོ་སྒུར་རྒྱུ་མིན་པའི་བརྡ་གསལ་པོ་སྤྲོད་ཀྱི་ཡོད་པ་དང་། ཐའེ་ཝན་མི་མང་རྣམས་ཀྱིས་རང་བཙན་གྱི་རྒྱལ་ཁབ་ཅིག་འདོད་ཀྱི་ཡོད་པ་དང་། རང་ཉིད་རང་གི་བདག་པོར་འགྱུར་འདོད་ཡོད་པ་རེད། ཅེས་བརྗོད་ཡོད་པ་དང་། སྐད་འབོད་ཀྱི་ལས་འགུལ་དེའི་ནང་མི་གྲངས་ ༡༢༠,༠༠༠ ལྷག་མཉམ་ཞུགས་བྱས་ལུགས་བརྗོད་ཡོད་ཀྱང་། ས་གནས་ཉེན་རྟོག་པས་མི་གྲངས་ ༥,༠༠༠ ཙམ་མ་གཏོགས་མེད་སྐོར་བརྗོད་འདུག

སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་གྱིས་རྒྱ་ནག་དང་ཐའེ་ཝན་བར་གྱི་གནས་བབ་ལ་བརྩི་འཇོག་བྱེད་རྒྱུའི་ཁས་ལེན་དེར་ཨ་རིའི་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་ཀྱང་། ཐའེ་ཝན་ནང་གི་རང་བཙན་དོན་གཉེར་གྱི་ཚོགས་པ་ཁག་དང་དམངས་གཙོ་ཡར་ཐོན་ཚོགས་པའི་(Democratic Progressive Party, DPP) འཐུས་མི་ནང་ཁུལ་དུ་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་པ་མ་ཟད། ད་ལན་གྱི་ལས་འགུལ་ནང་དམངས་གཙོ་ཡར་ཐོན་ཚོགས་པ་མཉམ་ཞུགས་དགོས་པའི་རེ་སྐུལ་བྱས་ཡོད་ཀྱང་། མ་འོངས་འོས་བསྡུ་ལ་ཁ་གཡར་ཏེ་གཞུང་འབྲེལ་གྱི་ཐོག་ནས་མཉམ་ཞུགས་བྱས་མེད་སྟབས། མནའ་འབྲེལ་ཚོགས་པ་ཁག་དང་རང་བཙན་དོན་གཉེར་ཚོགས་པ་ཁག་གིས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་འདུག

སྲིད་དོན་དཔྱད་བརྗོད་པ་ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་མཱ་ཡེན་ཇིའོ་(Ma Ying-jeou)ལགས་ཀྱི་སློབ་སྟོན་པ་ལོ་ཁྲི་ཁྲང་(Lo Chih-chiang)ལགས་ཀྱིས། ཧྥོར་མོ་སཱ་མནའ་འབྲེལ་ཚོགས་པས་སྐད་འབོད་ལས་འགུལ་སྤེལ་བ་དེས་ཕྱོགས་གཅིག་ནས་རང་བཙན་དོན་གཉེར་ཚོགས་པ་ཁག་གི་རྒྱབ་སྐྱོར་མ་བརླག་པའི་ཆེད་དུ་ཡིན་ལ། ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་པ་ཞིག་མཚོན་གྱི་ཡོད་པ་དང་། ལྕམ་ཚའེ་ཡེན་ཝིན་ནས་ཐའེ་ཝན་མི་མང་གི་རེ་འདུན་གང་ཡིན་པ་ཤེས་དགོས་པ་མ་ཟད། རྒྱ་ཐའེ་བར་གྱི་ཡོང་སྲིད་པའི་རྩོད་རྙོག་དེ་ལའང་གྲ་སྒྲིག་བྱེད་དགོས། ཞེས་བརྗོད་ཡོད་འདུག

ད་ལན་གྱི་རེ་འབོད་ལས་འགུལ་དེ་ནི་ལྕམ་ཚའེ་ཡེན་ཝིན་གྱིས་སྲིད་དབང་བཟུང་རྗེས་ཀྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། ལས་འགུལ་བ་ཚོས་འོས་བསྡུའི་སྒྲིག་གཞིར་བསྐྱར་ཞིབ་དགོས་པ་དང་། མི་མང་ནང་འོས་བསྡུ་བྱས་པ་བརྒྱུད་ཐའེ་ཝན་གྱི་གཞུང་འབྲེལ་མིང་ཀྲུང་ཧྭ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཅེས་པ་བསྒྱུར་བཅོས་གཏོང་དགོས་པ་སོགས་ཀྱི་རེ་འདུན་འདོན་གྱི་ཡོད་ཀྱང་། ཐའེ་ཝན་ནང་ལོགས་ཀྱི་ལངས་ཕྱོགས་མི་མཐུན་པ་དང་། རྒྱ་ནག་གཞུང་གི་འཇིགས་སྐུལ་བཙན་གནོན་དང་རྒྱལ་སྤྱིའི་གནོན་ཤུགས་ཀྱིས་ལྕམ་ཚའེ་ཡེན་ཝིན་གཞུང་ནས་མི་མང་གི་དགོས་འདུན་ལག་བསྟར་བྱེད་པར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་འདུག

པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༠/༢༢

Leave a Reply