བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཚོགས།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུ་མའི་ལམ་ནི་བོད་ཕྱི་ནང་གཉིས་ཀྱི་མང་ཚོགས་ནས་མང་མོས་བྱུང་བའི་སྲིད་བྱུས་ཤིག་ཡིན་པས་བོད་རྒྱ་གཉིས་བར་ལོ་བརྒྱ་ལྷག་རིང་གཉིས་སྨན་ཡིན་སྐོར་གསུངས་སོང་།རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག ཉིན་གྲངས་ ༢ རིང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཚོགས་ཡོད་པ་དང་།  ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུས་ཨ་རི་དང་རྒྱ་གར་སོགས་ནས་གསུང་བཤད་པ་ ༧ གདན་འདྲེན་ཞུས་ཡོད་པ་དང་། མཐོ་རིམ་སློབ་གྲྭ་འགྲིམས་བཞིན་པའི་བོད་རིགས་གཞོན་སྐྱེས་སློབ་མ་ ༤༧ བཅས་ཁྱོན་ཚོགས་བཅར་བ་མི་ ༥༤ ལྷག་མཉམ་ཞུགས་བྱས་ཡོད་པ་རེད།

ཚོགས་ཐོག་ཏུ་ཚོགས་འདུའི་དགོས་དམིགས་གཙོ་བོ་ག་རེ་ཡིན་སྐོར་ལ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་བློ་བཟང་ཆོས་འཕེལ་ལགས་ཀྱིས། མ་འོངས་བོད་ཀྱི་གནས་བབ་དེ་གཞོན་སྐྱེས་ཚོས་འགན་འཁུར་དགོས་ཡོད་དུས། ཚོགས་འདུ་བགྲོ་གླེང་འདི་བརྒྱུད་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མཐོ་རིམ་སློབ་གྲྭ་འགྲིམས་བཞིན་པའི་བོད་རིགས་གཞོན་སྐྱེས་ཚོར་མི་རིགས་དང་སྤྱི་ཚོགས་ཀྱི་བསམ་བློ། རིག་གཞུང་སྲུང་སྐྱོབ་སོགས་ཀྱི་བསམ་བློ་ཁྱབ་སྤེལ་གཏང་ཐུབ་ན་བསམ་ནས་ཚོགས་འདུ་འདི་ཚོགས་པ་ཡིན། ཞེས་བརྗོད་བྱུང་།

ཁ་སང་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་དབུ་མའི་ལམ་གྱི་བྱུང་རིམ་མདོར་བསྡུས་ངོ་སྤྲོད་དང་སྦྲགས། བོད་གཞུང་གི་སྲིད་ཇུས་ལངས་ཤོག་སྐོར་ལ་མང་མོས་འོས་བསྡུ་བྱས་ཏེ་དབུ་མའི་ལམ་ནི་མང་ཚོགས་དང་གྲོས་ཚོགས་གཉིས་ཀྱི་ངོས་ལེན་དང་མོས་མཐུན་ཡོད་པའི་སྲིད་ཇུས་ཤིག་ཡིན་སྐོར་ལ་ཁོང་གིས།  རྒྱ་ནག་ཕྱོགས་ནས་བོད་ཀྱི་གནད་དོན་ཐད་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་མ་བྱུང་སྟབས། ཕྱི་ལོ་ ༡༩༩༥ ཡས་མས་སུ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ང་ཚོའི་ལངས་ཤོག་ཐད་མང་མོས་འོས་བསྡུ་གནང་དགོས་པའི་བཀའ་སློབ་རིམ་པ་ཕེབས་ཡོད་པ་རེད། བཀའ་སློབ་ཕེབས་པ་ནང་བཞིན་བཀའ་སྤྱི་གཉིས་ནས་གདམ་བྱ་བཞིའི་ཐོག་བགྲོ་གླེང་དང་མང་ཚོགས་ཀྱི་བསམ་ཚུལ་བསྡུ་མགོ་བརྩམས་པ་རེད། སྐབས་དེར་བོད་ཕྱི་ནང་གཉིས་ནས་བསམ་ཤོག་བསླེབས་ཏེ།  མང་ཚོགས་བརྒྱ་ཆ་ ༦༤ ལྷག་གིས་དབུ་མའི་ལམ་གྱི་སྲིད་ཇུས་མུ་མཐུད་རྒྱུན་འཛིན་གནང་རྒྱུ་དང་། རྒྱལ་སྤྱིའི་ཆབ་སྲིད་གནས་བབ་ལ་དཔག་པའི་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་ལ་བརྟེན་ནས་ཁོང་གི་དགོངས་པ་དུས་ནས་དུས་སུ་མཐའ་སྐྱེལ་ཡོང་བའི་གསོལ་འདེབས་ཞུ་དགོས་ཡོད་ལབ་ཡོད་པ་རེད། དེར་བརྟེན།  བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་ཀྱང་སྤྱི་མོས་གྲོས་ཆོད་བཞག་ཡོད་པ་རེད། གྲོས་ཆོད་ཀྱི་ནང་དོན་གཙོ་བོ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་གནས་བབ་གང་ཐད་ལ་མཐའ་སྐྱེལ་གང་བྱས་པ་དེ་མང་ཚོགས་ནས་མང་མོས་མཐའ་སྐྱེལ་བྱས་པ་དང་གཅིག་མཚུངས་སུ་བརྩི་བཀུར་ཞུ་དགོས་ཡོད་ཅེས་ང་ཚོའི་བཙན་བྱོལ་གྲོས་ཚོགས་ཐོག་སྤྱི་མོས་གྲོས་ཆོད་བཞག་ཡོད་པ་རེད། དེ་འདྲ་ཡིན་དུས། དབུ་མའི་ལམ་གྱི་སྲིད་ཇུས་དེ་ང་ཚོའི་དམངས་གཙོའི་བརྒྱུད་རིམ་ཐོག་ནས་མཐའ་གཅིག་ཏུ་གཏན་འབེབ་བྱུང་བཞག་ཡོད་པ་ཞིག་ཆགས་བསྡད་ཡོད། ཅེས་དང་། དབུ་མའི་ལམ་འདི་བོད་རྒྱ་ཕྱོགས་གཉིས་ཀར་ཕན་པའི་སྲིད་བྱུས་ཤིག་ཡིན་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་འཛམ་གླིང་ཡོངས་སུ་རྒྱས་པའི་སྐབས་འདིར་རྒྱ་ནག་གཞུང་གིས་དབུ་མའི་ལམ་དང་ལེན་ཐུབ་པ་ཡིན་ན། མ་འོངས་ལོ་བརྒྱ་ལྷག་ལ་བོད་རྒྱ་གཉིས་ལ་ཕན་ཐོགས་ཡོང་རྒྱུ་ཡིན་སྐོར་གསུངས་སོང་།ཐེངས་འདིའི་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུའི་ཐོག་དབུ་མའི་ལམ་གྱི་རྒྱབ་ལྗོངས་དང་དེའི་གལ་གནད། དེ་བཞིན་དབུ་མའི་ལམ་ནི་ཆབ་སྲིད་རིག་པའི་སྒྲོམ་གཞིའི་ནང་གི་གཞུང་ལུགས་ཤིག་ཡིན་པ་དང་། རྒྱ་ནག་གི་ཤེས་ཡོན་པས་དབུ་མའི་ལམ་ཐོག་ལྟ་སྟངས། བོད་ཀྱི་འཐབ་རྩོད་རྒྱུན་གནས་ཆེད་བོད་རིགས་གཞོན་སྐྱེས་ཚོའི་འགན་འཁྲི། གཞན་ཡང་། རྒྱ་གར་གཞུང་མང་གཉིས་ནས་དབུ་མའི་ལམ་ལ་ལྟ་ཚུལ་དང་།  ༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར། དབུ་མའི་ལམ་དང་སྤྱི་ཚོགས་དྲ་རྒྱ་བཅས་ཀྱི་སྐོར་ལ་གསུང་བཤད་བགྲོ་གླེང་གནང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༠/༢༢

Leave a Reply