གཙོད་ཁུལ་གྱི་ཐོན་རྫས་བཙོང་མཁན་རྒྱ་མོ་གཉིས་འཛིན་བཟུང་།

རྒྱ་གར་རྒྱལ་ས་ལྡི་ལིའི་གནམ་ཐང་དུ་གཙོད་ཀྱི་ཁུ་ལུ་ཡིས་བཟོས་པའི་ཐོན་དངོས་དབོར་འདྲེན་བྱེད་མཁན་རྒྱ་མོ་གཉིས་འཛིན་བཟུང་བྱས་ཡོད་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། བདུན་ཕྲག་སྔོན་མའི་ནང་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་རྒྱལ་སྤྱིའི་གནམ་ཐང་དུ། རང་ལོ་ ༤༡ དང་ ༣༩ ཡིན་པའི་རྒྱ་རིགས་བུད་མེད་གཉིས་ཀྱིས་གཅིག་ལ་ཨ་སྒོར་ ༣༨༠༠༠ རེ་ཡིན་པའི་གཙོད་ཀྱི་ཁུ་ལུ་ཡིས་བཟོས་པའི་སྟོད་ལྷེབ་ (shahtoosh shawls) ༡༥ འཁྱེར་ཏེ་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་འཕུར་རྩིས་བྱེད་སྐབས། རྒྱ་གར་གནམ་ཐང་དངོས་ཟོག་ཞིབ་གཤེར་པས་འཛིན་བཟུང་བྱས་ཡོད་འདུག

གནས་ཚུལ་དེའི་ཐད་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ལྡི་ལིར་གནས་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་འགན་འཛིན་ཀྲོ་ཅིན་(Zhao Jun) གྱིས། རྒྱ་ནག་ནས་རྒྱ་གར་ལ་སྤྲོ་འཆམ་དུ་འགྲོ་མཁན་ཚོས་རྒྱ་གར་ནང་སྟོངས་ལ་ཉེ་བའི་རི་དྭགས་དང་རྩི་ཤིང་རིགས་ཀྱི་ཐོན་རྫས་ཉོ་ཚོང་སྐྱེལ་འདྲེན་མི་བྱེད་པར་ཡུལ་ཁྲིམས་ལ་ཤེས་རྟོགས་དང་བརྩི་བཀུར་དགོས་པ་མ་ཟད། རང་ཉིད་ཀྱི་འགྲིམས་འགྲུལ་བདེ་འཇགས་ལའང་ཡིད་གཟབ་དགོས་པ་སོགས་འབོད་སྐུལ་བྱས་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ལྟར་ན། ཐེངས་འདིར་འཛིན་བཟུང་བྱས་པའི་རྒྱ་རིགས་བུད་མེད་གཉིས་ཀྱིས་རྒྱ་གར་གྱི་སྲུང་སྐྱོབ་འོག་ཡོད་པའི་སྟོངས་ལ་ཉེ་བའི་རི་དྭགས་ཀྱི་ཐོན་རྫས་ཉོས་པ་མ་ཟད། རྒྱལ་མཚམས་ནས་ཕྱིར་འདྲེན་བྱ་རྩིས་བྱས་པ་སོགས་ཀྱིས། ཁོང་གཉིས་ལ་ལོ་ ༣ ནས་ ༧ བར་གྱི་བཙོན་འཇུག་ཁྲིམས་ཆད་ཕོག་སྲིད་པ་མ་ཟད་དངུལ་ཆད་དུ་མི་རེར་ཨ་སྒོར་ ༦༤༨༠༠ གཅོད་ཉེན་ཡོད་འདུག

ཕྱི་ལོ་ ༡༩༧༥ ལོར་ཝ་ཤིན་ཊོན་དུ་ཚོགས་པའི་སྟོངས་ལ་ཉེ་བའི་རི་དྭགས་དང་རྩི་ཤིང་དང་འབྲེལ་བའི་རྒྱལ་སྤྱིའི་ཚོང་འབྲེལ་གྱི་གྲོས་ཆོད་ནང་། གཙོད་ཁུལ་ལས་བཟོས་པའི་ཐོན་རྫས་ཉོ་ཚོང་མི་ཆོག་པའི་གྲོས་གཞི་དེར་རྒྱ་དཀར་ནག་གཉིས་ཀྱིས་རྒྱབ་སྐྱོར་བྱས་ཏེ་མིང་རྟགས་བཀོད་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༡ ནང་རྒྱ་གར་དབུས་གྲོས་ཚོགས་ནང་རྒྱ་གར་བྱང་རྒྱུད་ཀྱི་གཙོད་སྲུང་སྐྱོབ་བྱེད་དགོས་གལ་ཆེ་སྐོར་དང་། གཙོད་སྲུང་སྐྱོབ་ཆེད་གནའ་སྔ་མོ་ནས་གཙོད་ཁུལ་ལ་བརྟེན་ནས་འཚོ་བ་རོལ་མཁན་ཀ་ཤི་མེར་གྱི་ལས་བཟོ་བར་གཙོད་གསོ་སྐྱོང་གི་ཐོབ་ཐང་སྤྲོད་དགོས་སྐོར་དང་། གཙོད་མྱུར་སྐྱོབ་ལ་ཤུགས་སྣོན་རྒྱགསདགོས་སྐོར་གླེང་སློང་བྱུང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༧ ནང་རྒྱ་ནག་གི་རྒྱབ་ཤ་དཀར་པོའི་སྙན་ཐོ་ཞེས་པའི་ནང་རྒྱ་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཀྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་འཕེལ་ཁ་མང་དུ་ཕྱིན་ཡོད་ལ། ལྷག་པར་དུ་བོད་བྱང་ཐང་ཁུལ་དུ་ཕྱི་ལོ་ ༢༠༠༠ ལོར་གཙོད་གྲངས་ཁྲི་ ༦ ཡོད་པ་ནས་ཕྱི་ལོ་ ༢༠༡༦ ལོར་གཙོད་གྲངས་ཁྲི་ ༢༠ ཙམ་དང་། འབྲོང་ ༦༠༠༠ ནས་ཁྲི་གཅིག་ལ་འཕར་ཡོད་སྐོར་བསྒྲགས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༢༣

Leave a Reply