འདི་ལོར་རྒྱ་ནག་གི་ཏང་ཡོན་ལས་བྱེད་ ༦༠༦༩༠ ལ་ཉེས་ཆད་བཅད།

རྒྱ་ནག་གིས་ཟླ་སྔོན་མའི་ནང་ཏང་ཡོན་ལས་བྱེད་དགུ་སྟོང་མ་ཟིན་ཙམ་ནས་བྱེད་མི་ཆོག་པའི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བར་ཉེས་ཆད་བཅད་ཡོད་ཟེར།

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ལྐོག་ཟ་རུལ་སུངས་རྒོལ་རྡུང་ཚོགས་ཆུང་གིས་འདི་ལོའི་ཕྱི་ཟླ་ ༩ པའི་ནང་དབུས་གཞུང་གི་གཏན་འབེབ་དོན་ཚན་བརྒྱད་དང་འགལ་ཏེ་ཉེས་དོན་ཁག་ ༦༤༥༡ ནང་ཚུད་པའི་ཏང་ཡོན་ལས་བྱེད་ཁྱོན་ ༨༨༧༣ ལ་ཉེས་ཆད་བཅད་ཡོད་པ་དང་། འདི་ལོར་ཏང་ཡོན་ལས་བྱེད་ཁྱོན་ ༦༠༦༩༠ ཉེས་དོན་རིགས་ ༤༢༨༧༡ ནང་ཚུད་དེ་ཉེས་ཆད་བཅད་ཡོད་སྐོར་བསྒྲགས་འདུག

ལྐོག་ཟ་རུལ་སུངས་རྒོལ་རྡུང་ཚོགས་ཆུང་གིས་ཏང་ཡོན་ལས་བྱེད་ ༡༥༠༨ ཀྱིས་གོང་རིམ་ནས་ཆོག་མཆན་མེད་པའི་སྐྱོབ་གསོ་སྤྲོད་ནོར་བྱས་པ་དང་། ལས་བྱེད་ ༡༢༢༥ ཡིས་ལག་རྟགས་དང་ལྐོག་རྔན་སྤྲོད་ལེན་བྱས། མི་གྲངས་ ༩༥༤ ཡིས་དབང་ཆ་ལོག་སྤྱོད་ཀྱིས་སྤྱི་རྒྱུ་སྒེར་ཟ་བྱས་ཡོད་པ་དང་། དེ་བཞིན། ཏང་ཡོན་ལས་བྱེད་ ༨༣༤ ཡིས་སྤྱི་དངུལ་བེད་སྤྱད་ཀྱིས་རྒྱས་སྤྲོས་ལ་རོལ་ཡོད་པ་དང་། མི་ ༦༠༡ གིས་གཉེན་སྟོན་དང་འདས་མཆོད་གྲ་རྒྱས་པོ་སོགས་བྱས་ཏེ་ཏང་ཡོན་ལས་བྱེད་ཚོས་བྱེད་མི་ཆོག་པའི་གཏན་འབེབ་བརྒྱད་ཀྱི་དགོངས་དོན་དང་བརྒལ་ཡོད། ཅེས་བརྗོད་འདུག

རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཕྱི་ལོ་ ༢༠༡༢ ལོ་ནས་ཏང་ཡོན་ལས་བྱེད་ཀྱིས་བྱེད་མི་ཆོག་པའི་དོན་ཚན་ ༨ ཅེས་པ་གཏན་འབེབ་བརྒྱུད་བསྒྲགས་བྱས་ཡོད་པ་དང་། ཏང་ཡོན་ལས་བྱེད་པས་བྱེད་མི་ཆོག་པ་གཅིག་སྒྲིག་སྲོལ་ལས་འགལ་ཏེ་གཞུང་དངུལ་སྤྱད་ནས་བཟའ་བཏུང་དང་། ཡུལ་སྐོར། མཐོ་རིམ་འཛད་སྤྱོད་རོལ་རྩེད་ལུས་སྦྱོང་བྱེད་སྒོར་ཞུགས་གཏན་ནས་མི་ཆོག་པ་དང་། གཉིས། གཞུང་དངུལ་སྤྱད་ནས་ལོ་གསར་རྟེན་འབྲེལ་ཁུག་དམར་དང་ཤོག་སྦག་སོགས་གཏན་ནས་ཉོ་མི་ཆོག གསུམ། གཞུང་དངུལ་སྤྱད་ནས་སྣེ་ལེན་འཚམས་འདྲི་དང་ཡུལ་སྐོར་སོགས་གཞུང་དོན་མ་ཡིན་པའི་བྱེད་སྒོ་གཏན་ནས་སྤེལ་མི་ཆོག བཞི། གཞུང་འཁོར་སྒེར་སྤྱོད་དམ་ཡང་སྒེར་འཁོར་གཞུང་གསོའི་རིགས་གཏན་ནས་བྱེད་མི་ཆོག ལྔ།  སྒྲིག་སྲོལ་ལས་འགལ་ནས་ལག་རྟགས་དངོས་པོ་དང་། དངུལ། འཛད་སྤྱོད་ཁུག་དམར་སོགས་གཏན་ནས་ལེན་མི་ཆོག དྲུག སྒེར་གྱི་སྤྲོ་རྩེད་འདུ་ཁང་ནང་གཏན་ནས་འཛུལ་མི་ཆོག བདུན། སྒྲིག་སྲོལ་ལས་འགལ་བའི་ཐོག་ནས་གཉེན་སྟོན་དང་འདས་མཆོད་སོགས་ལ་ཁ་གཡར་ནས་རྒྱུ་ནོར་ལེན་ཐབས་གཏན་ནས་བྱས་མི་ཆོག བརྒྱད། ཡུལ་གྲོགས་འདུ་ཚོགས་དང་། སློབ་གྲོགས་འདུ་ཚོགས། འཐབ་གྲོགས་འདུ་ཚོགས་ལ་གཏན་ནས་ཞུགས་མི་ཆོག་པ་བཅས་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༠/༢༤

Leave a Reply