སྤྱི་ཚོགས་ནང་དཀའ་ངལ་བཟོ་མཁན་གྱི་ཆབ་སྲིད་དེ་ཆབ་སྲིད་བཙོག་པ་རེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གོ་ལ་ཚ་འགྱུར་གྱི་དཀའ་ངལ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་རྒྱལ་ཁབ་ཕན་ཚུན་བར་དམག་འཁྲུག་དང་ཆོས་ལུགས་ནང་ཁུལ་བར་བརྩད་ནས་འདུག་པ་ལས་ཚང་མ་མཉམ་རུབ་གྱིས་ལས་ཀ་བྱེད་དགོས་སྐོར་གསུངས་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ སྟེང་བཞུགས་སྒར་དྷ་རམ་ས་ལའི་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་ཨ་རིའི་ཞི་བདེ་ལྟེ་གནས་ཁང་གི་རྒྱལ་ཁབ་ ༡༤ ཡི་གཞོན་སྐྱེས་མགོ་འཁྲིད་ ༢༨ དང་མཉམ་དུ་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་སྐོར་བགྲོ་གླེང་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འདས་པ་ནི་འདས་སོང་བ་ཞིག་ཡིན་པས་ང་ཚོས་འདས་དོན་ལ་འགྱུར་བ་གཏོང་ཐབས་མེད་ཀྱང་རེ་བ་ཞིག་ཡོད་པ་ནི་མ་འོངས་པ་ཡིན་པས། ད་ལྟའི་མི་རབས་འདིར་མ་འོངས་གང་འདྲ་ཞིག་བཟོ་སྐྲུན་བྱེད་པའི་གོ་སྐབས་ཡོད་པ་དང་། འདས་པའི་དུས་རབས་ཉི་ཤུ་པ་ནི་དམག་འཁྲུག་གི་དུས་རབས་ཤིག་བྱུང་བས་འགྲོ་བ་མིའི་རིགས་ཀྱིས་ཇི་ཙམ་མྱངས་མིན་ད་ལྟ་ཡང་རྗེས་ཤུལ་ཡོད་པ་དང་། དུས་རབས་ཉི་ཤུ་རྩ་གཅིག་ནང་བཟང་ཕྱོགས་ཀྱི་འགྱུར་བ་མང་པོ་ཐེབས་ཡོད་སྐོར་སོགས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་རང་རྒྱ་གར་བྱང་ཕྱོགས་ཀྱི་དྷ་སའི་དབེན་གནས་འདིར་ལྷག་ཡོད་པ་རེད་དེ། གཙོ་བོ་བྷི་བྷི་སི་དང་སི་ཨན་ཨན་གསར་ཁང་བརྒྱུད་ནལ་ཇེ་རེ་ཡ་དང་ཨེ་རག་ནང་ག་རེ་བྱུང་བཞིན་ཡོད་པ་དང་འཛམ་གླིང་ནང་ག་རེ་བྱུང་བཞིན་ཡོད་པ་ཏོག་ཙམ་གསལ་ཆ་ཡོད་པ་རེད། འཛམ་གླིང་གི་འགྱུར་བ་གསར་པ་དེ་ཚོ་ལ་བརྟེན་ནས་གོ་ལ་གཅིག་གྱུར་ཡིན་པའི་འདུ་ཤེས་དེ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད། ང་ཚོར་སྔར་ལྷག་བདེ་སྐྱིད་ལྡན་པ་དང་ཞི་བདེ་ལྡན་པའི་མ་འོངས་པ་ཞིག་བསྐྲུན་ཐབས་སུ་ང་ཚོས་དང་པོ་ཤེས་དགོས་པ་ཞིག་ནི་སུས་དྲག་སྤྱོད་དང་དམག་འཁྲུག་འདི་འཁྱེར་ཡོང་བ་རེད། ང་ཚོའི་དགྲ་བོ་མ་རེད། ང་ཚོ་འགྲོ་བ་མི་རིགས་ཀྱིས་འདི་དག་འཁྱེར་ཡོང་གི་ཡོད་པ་དེ་ཤེས་དགོས་རེད། ཚན་རིག་པས་མིའི་རྩ་བའི་རང་གཤིས་ནི་ཞི་བ་ཡིན་པ་བརྗོད་བཞིན་པའི་གནས་ལུགས་དེ་ནི་གསལ་པོ་རེད། འགྲོ་བ་མི་དུང་ཕྱུར་ ༧༠ ཚང་མ་ང་ཚོའི་ཨ་མ་ལས་བྱུང་བ་རེད་ལ། མའི་འོ་མ་དང་བྱམས་སྐྱོང་། བརྩེ་བར་བརྟེན་ནས་ང་ཚོའི་མི་ཚེ་དེ་མགོ་འཛུགས་བྱས་པར་བརྟེན། བརྩེ་བ་ནི་མི་ཚེའི་ནང་ཧ་ཅང་གལ་ཆེན་པོ་རེད་ལ། འགྲོ་བ་མི་ཡོད་དོ་ཅོག་གི་རྒྱུད་ལ་བྱམས་བརྩེའི་ས་བོན་ཡོད་པ་རེད། རང་ཉིད་ཀྱི་བརྩེ་བའི་གྲོགས་ལ་སེམས་འཁུར་བྱེད་པ་དེ་ནི་ཆགས་སེམས་ཡིན་པ་ལས་ཚད་མཐོ་བའི་བྱམས་བརྩེ་མིན་པར། འགྲོ་བ་མི་ཚང་མ་གཅིག་མཚུངས་ཡིན་པའི་ངོས་འཛིན་ཐོག་གཞན་ལ་ཡང་བདེ་སྐྱིད་དགོས་ཀྱི་ཡོད་པ་ཤེས་པའི་ཐོག་གཞན་ལ་སེམས་འཁུར་བྱེད་པ་ནི་ཚད་མཐོའི་བྱམས་བརྩེ་རེད། མའི་བྱམས་བརྩེ་ལ་མཚམས་རེར་ཆགས་སྡང་ཡོད་ན་ཡང་། བྱམས་བརྩེ་དེ་ས་བོན་ལྟ་བུར་བླངས་ནས་མིའི་ཀླད་པ་སྤྱད་དེ་རང་འདོད་བྱས་པའི་ཕན་འབྲས་ལ་དཔྱད་པ་བྱེད་དགོས་རེད། ང་ཚོ་ནི་སྤྱི་ཚོགས་ནང་གནས་སྡོད་བྱེད་མཁན་གྱི་སྲོག་ཆགས་ཤིག་ཡིན་རྐྱེན་རང་ཉིད་གཅིག་པོར་བསམ་བློ་བཏང་སྟེ་རང་འདོད་བྱས་ཚེ་མིའི་རང་བཞིན་ལ་ཁ་གཏད་དུ་ཡོད་པ་རེད། སྤྱི་ཚོགས་ནང་འདུས་སྡོད་སྲོག་ཆགས་གཞན་ཡིན་ཡང་རང་བཞིན་གྱིས་སྤྱི་ཚོགས་གཅིག་གི་འདུ་ཤེས་དེ་ཡོད་པ་རེད། ཁོང་ཚོས་ཕན་ཚུན་ལ་རོགས་པ་ཆེན་པོ་བྱེད་ཐུབ་ཀྱི་མེད་ན་ཡང་། གཅིག་ལ་ན་ཚ་སོགས་བྱུང་སྐབས་གཞན་དེས་ལྕེ་ལྡག་བྱེད་པ་སོགས་བྱེད་ཀྱི་རེད། རྒྱུ་མཚན་ནི་ཁོང་ཚོར་སྤྱི་ཚོགས་ཤིག་གི་ནང་གནས་སྡོད་བྱེད་དགོས་པ་རེད། རང་གཅིག་པོ་འཚོ་ཐབས་ཁག་པོ་རེད། རྩ་བའི་ང་ཚོ་སྤྱི་ཚོགས་ཀྱི་སེམས་ཅན་རེད། མི་གཅིག་ལ་སྟོབས་འབྱོར་ཅི་ཙམ་ཡོད་ན་ཡང་སྤྱི་ཚོགས་མེད་ཚེ་འཚོ་ཐབས་བྲལ་བ་རེད། ད་ལྟའི་གནས་བབ་འདིར་འཛམ་གླིང་འདིའི་སྒང་གི་འགྲོ་བ་མིའི་རིགས་ཚང་མ་སྤྱི་ཚོགས་གཅིག་གི་ནང་དུ་འཚོ་སྡོད་བྱེད་ཀྱི་ཡོད་པ་ཚོར་སྣང་ཡོང་གི་འདུག ཅེས་གསུངས་འདུག

ཡང་གནམ་གཤིས་འགྱུར་ལྡོག་སྐོར་ལ་༧གོང་ས་མཆོག་གིས། འཛམ་གླིག་གི་ཚ་དྲོད་འཕེལ་བཞིན་པའི་གནས་སྟངས་ནི་ཛ་དྲག་ཡིན་པ་དང་སུ་ཡང་གནད་དོན་དེར་གཡོལ་ཐབས་མེད་པ་རེད། ངོས་ཀྱི་བསམ་པར་དུས་རབས་གཅིག་གམ་གཉིས་ནང་འཛམ་གླིང་ཡོངས་རྫོགས་བྱེ་ཐང་དུ་འགྱུར་རྒྱུ་རེད། གནམ་གྲུའི་ནང་ཨ་ཧྥི་གྷ་ནི་སི་ཐན་གྱི་བར་སྣང་ནས་འཕུར་སྐབས་སྔོན་ཆད་གངས་རི་དང་མཚོ་ཡོད་པ་དེ་ཚོ་མངོན་གསལ་གྱིས་ཡལ་འདུག་ལ་མཚོ་ཆུང་ངུ་རེ་ལས་མི་འདུག དེ་མིན་གཞན་མང་པོ་བྱེ་ཐང་དུ་གྱུར་འདུག དེ་བཞིན་བོད་ཐེ་བའི་ཧི་མ་ལ་ཡའི་རི་རྒྱུད་ལ་གནམ་གཤིས་ཀྱི་འགྱུར་ལྡོག་མང་པོ་བྱུང་འདུག ཕྱི་ལོ་ ༡༩༦༠ ནང་ཐོག་དང་པོ་ངོས་རང་དྷ་སར་བསླེབས་པའི་དགུན་ཁ་དེར་གངས་ཆེན་པོ་བབས་སོང་། ད་ལྟ་ལོ་རེ་ནས་ལོ་རེར་གངས་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་འདུག སྐབས་ཤིག་ལ་ས་གནས་འདིའི་ཡུལ་དཔོན་འགའ་དང་མཉམ་དུ་བཀལ་མོལ་བྱུང་སྐབས་ཤིག་ལ། ལོ་བཅུ་ཕྲག་འགའི་རིང་གངས་འབབ་ཚད་ཉུང་དུ་འགྲོ་བཞིན་ཡོད་པས། ད་ལྟའི་གནས་སྐབས་སུ་ང་ཚོར་གཙང་པོ་ཞིག་ཡོད་ན་ཡང་། མ་འོངས་ཆེད་ང་ཚོས་ཆུའི་ཐོན་ཁུངས་ཉུང་དུ་འགྲོ་བཞིན་ཡོད་པར་བསམ་བློ་ཤུགས་ཆེན་པོ་བཏང་སྟེ། ཆུ་མཛོད་རྒྱག་པའམ་ཐབས་ཤེས་གཞན་དགོས་སྐོར་ཞུས་པ་ཡིན། འདི་ནི་འཛམ་གླིང་གི་གནམ་གཤིས་འགྱུར་འགྲོས་ཀྱི་རང་གཤིས་རེད། ད་ལྟ་གོ་ལ་ཚ་འགྱུར་གྱིས་ང་ཚོར་རྒྱལ་ཁབ་ཕན་ཚུན་བར་དམག་འཁྲུག་དང་ཆོས་ལུགས་ཕན་ཚུན་ནང་ཁུལ་བར་རྩད་ནས་འདུག་པ་ལས། ཚང་མ་མཉམ་རུབ་གྱིས་ལས་ཀ་བྱེད་དགོས་པ་གསལ་སྟོན་བྱེད་བཞིན་ཡོད་པ་རེད། ཅེས་གསུངས་སོང་།

ཨ་ཧྥི་གྷ་ནི་སི་ཐན་གྱི་བུ་མོ་ཆུང་ཆུང་ཚོར་སློབ་སྦྱོང་སྤྲོད་མཁན་ཞིག་གིས་ཡུལ་དེའི་བླ་ཆེན་དང་རྒན་པ་ཚོས་བུ་མོར་སློབ་སྦྱོང་སྤྲོད་པར་རྒྱབ་སྐྱོར་བྱེད་ཀྱི་མི་འདུག་པས་དེར་ལམ་སྟོན་ཞིག་གནང་རོགས་ཞུས་པར་༧གོང་ས་མཆོག་གིས། སེམས་ཚོར་དང་ས་དབྱིབས་གཉི་ཀའི་ཆ་ནས་ཨ་ཧྥི་གྷན་ནི་སི་ཐན་སྔ་མོར་བོད་དང་འབྲེལ་བ་ཡོད་པ་ཐེ་ཚོམ་མེད་པ་དང་། སྔ་མོའི་དར་གོས་ཚོང་ལམ་རྒྱུད་ཁ་ཛག་སི་ཐན་ (Kazakhstan) དང་ཨ་ཧྥི་གྷ་ནི་སི་ཐན་གཉིས་ལ་འབྲེལ་བ་བྱུང་ཡོད་པ་རེད། གང་ལྟར་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཨབ་གྷན་གྱི་གནས་སྟངས་ལ་བློ་འཚབ་ཤུགས་ཆེན་ཡོད། ངོས་ལ་སེམས་སྐྱོ་བ་ཙམ་ལས་བྱ་ཐབས་གང་ཡང་ཡོད་པ་མ་རེད། ཨབ་གྷན་གྱི་གནས་སྟངས་ལ་ཨ་རིས་ཐེ་གཏོགས་བྱེད་པ་ལས་རྒྱ་གར་གྱིས་རོགས་རམ་བྱེད་ཐུབ་པའི་ཚོར་བ་ཡོང་གི་འདུག རྒྱ་གར་ནི་འཛམ་གླིང་གི་ཁ་ཆེ་བ་མང་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་ཆགས་ཡོད་པ་རེད། རྒྱ་གར་ཁ་ཆེ་བ་ཚོས་ངེས་པར་དུ་ཨབ་གྷན་ཚུད་པའི་ཁ་ཆེའི་རྒྱལ་ཁབ་ཁག་གི་ཞི་བདེ་ལ་ཆ་ཤས་ཤུགས་ཆེན་ལེན་དགོས་པ་རེད། ལོ་རྗེས་མར་རྒྱལ་ཡོངས་རང་བཞིན་ཅན་གྱི་རྒྱ་གར་ཁ་ཆེ་བའི་ཚོགས་འདུ་ཞིག་འཚོགས་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཚོགས་འདུ་དེ་གོ་སྒྲིག་བྱེད་མཁན་ངོས་ཀྱི་ངོ་ཤེས་དེ་འདྲ་ལ་སྐབས་དེར་ཨབ་གྷན་ཁ་ཆེ་བ་འགའ་ཡང་སྐད་གཏོང་བའི་རེ་བ་ཞུ་རྒྱུ་ཡིན། རྒྱུ་མཚན་ནི་ཚོགས་འདུ་ཞིག་འཚོགས་རོགས་ཞེས་ངོས་ཀྱིས་རེ་སྐུལ་ཞུས་པ་ཡིན། དཀའ་ངལ་འདི་ཚང་མ་བྱུང་རྐྱེན་ནི་མཚོན་ཆ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་མངོན་གྱི་ཡོད་པ་རེད་དེ། མཐར་གཏུགས་ན་མཚོན་ཆ་དེ་དག་བེད་སྤྱོད་བྱེད་མཁན་ནི་ང་ཚོའི་སེམས་ཚོར་དང་བསམ་བློ་རེད། དེར་བརྟེན་ཚོགས་འདུ་ཞིག་གིས་དཀའ་ངལ་སེལ་ཐབས་ཡོད་པ་མ་རེད་དེ། དཀའ་ངལ་སེལ་བར་མགོ་བརྩམས་པ་རེད། ཚོགས་འདུ་གཅིག་ལ་གྲུབ་འབྲས་མ་བྱུང་ཚེ་ཡང་བསྐྱར་ནུས་པ་བཏོན་ནས་ཚོགས་འདུ་འཚོགས་པ་དང་། དེར་གྲུབ་འབྲས་མ་བྱུང་ན་ཡང་དང་བསྐྱར་དུ་ཚོགས་འདུ་འཚོགས་དགོས་རེད། དེ་ནི་ཐབས་ཤེས་གཅིག་ཁོ་ན་དེ་རེད། ཅེས་དང་། གལ་སྲིད་བྱུང་ཚེ་བསམ་བློ་གུ་དོག་ཅན་ཚོ་ཚོགས་འདུ་ལ་འཛུལ་ཞུགས་བྱས་ཏེ་གྲོས་མོལ་དང་བསམ་ཚུལ་བརྗེ་ལེན་གྱིས་འགྱུར་བ་ཞིག་མཐོང་སྲིད་པ་ལས་དྲག་སྤྱོད་ལ་བརྟེན་ནས་མ་འོངས་པར་རེ་ལྟོས་མེད་པ་རེད། ཨབ་གྷན་གྱི་ནམ་མཁའ་ནས་བལྟས་ཚེ་ས་ཆ་ཕལ་མོ་ཆེ་སྐམ་ནས་བྱེ་ཐང་དུ་འགྱུར་བཞིན་ཡོད་པས། ད་ནི་ཨབ་གྷན་མི་རེ་ནས་ནགས་འཛུགས་བྱེད་པ་དང་ཆུ་མཛོད་རྒྱག་པའི་དུས་ལ་བསླེབས་ཡོད་པ་མཐོང་གི་འདུག ཕན་ཚུན་གསོད་རེས་བྱེད་པ་ནི་དོན་མེད་དང་དགོས་མེད་ཡིན་པ་དང་། བསམ་བློ་གུ་དོག་ཅན་ཚོ་ཚོགས་འདུར་མཉམ་ཞུགས་ཀྱིས་གནད་དོན་ལ་བར་འདུམ་དང་མཉམ་གནས་ཐུབ་ཐབས་ཡོད་མེད་ལྟ་རྒྱུ་དེ་གཅིག་བྱས་ན་ཐབས་ལམ་ཞིག་རེད། ཅེས་གསུངས་འདུག

ཡང་ཚོགས་བཅར་བ་ཞིག་གིས་ཆབ་སྲིད་ནང་ཆོས་ལུགས་བེད་སྤྱོད་ཅི་ཡོད་སྐོར་བཀའ་འདྲི་ཞུས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། རྩ་བའི་དྲང་བདེན་གྱི་ཆབ་སྲིད་ཀྱིས་སྤྱི་ཚོགས་ནང་གི་དཀའ་ངལ་ཁག་སེལ་བཞིན་ཡོད་པ་རེད། གལ་སྲིད་ཆབ་སྲིད་ཀྱིས་སྤྱི་ཚོགས་ནང་དཀའ་ངལ་བསྐྲུན་གྱི་ཡོད་ཚེ་དེ་ནི་ཆབ་སྲིད་བཙོག་པ་ཡིན་ལ། ཆོས་ལུགས་ནི་ཀུན་སྤྱོད་ཀྱི་རྩ་བ་ཡིན་སྐོར་གསུངས་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༢༤

Leave a Reply