ཞག་ཞེ་དགུ་ལོན་པའི་མཆོད་འབུལ་སྨོན་ལམ་གནང་།

ཚེ་འདས་མ་ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱི་ཞེ་དགུའི་མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་མཆོག་གིས་གལ་སྲིད་རྒྱ་ནག་གཞུང་གིས་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་འཛིན་བཟུང་བྱས་ཡོད་ན་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ སྟེང་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ལྗོངས་མདོ་སྨད་ཆོལ་ཁའི་གོ་སྒྲིག་འོག བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལྡོམ་པོ་སྐྱིད་ལགས་འདས་ནས་ཞག་ཞེ་དགུ་འཁོར་བའི་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང་བ་དང་། མཆོད་འབུལ་སྨོན་ལམ་སྐབས་སེ་ར་བྱེས་བྲག་རི་རིན་པོ་ཆེ་མཆོག་དང་ཀིརྟི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག རྣམ་རྒྱལ་གྲྭ་ཚང་གི་བླ་གྲྭ་བཅས་སྐྱབས་གནས་དགེ་འདུན་པའི་སྡེ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱི་དབུས་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་།  དེ་བཞིན་དྷ་སའི་ས་གནས་མགོ་འཛིན་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་མི་གྲངས་  ༥༠༠ ཡས་མས་འཛོམས་འདུག

མཆོད་འབུལ་སྨོན་ལམ་གྲུབ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་འགོད་པར། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་རྩོམ་པ་པོ་ཞིག་ཡིན་པ་མ་ཟད་བོད་དོན་འཐབ་རྩོད་པ་ཞིག་ཀྱང་ཡིན་པ་དང་། ཚེ་འདས་ཨ་མ་ལྡོམ་པོ་སྐྱིད་གཙོས་པའི་ཁོང་གི་ནང་མི་རྣམས་བོད་ཀྱི་རྩ་དོན་གྱི་ཐོག་ལ་སྐུ་ལས་གནང་མཁན་ཞིག་ཡིན་སྟབས། ང་ཚོ་བཀའ་ཤག་གི་ངོས་ནས་གདུང་སེམས་མཉམ་སྐྱེད་ཀྱིས་དེ་རིང་འདིར་བཅར་ཡོད་པ་དང་། ནམ་རྒྱུན་དུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྐུ་ཟླ་དང་བུ་ཕྲུག་རྣམས་ལ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ལོ་ལྟར་མཐུན་རྐྱེན་རོགས་རམ་ཞུ་མུས་ཡིན་ལ། མ་འོངས་པར་མཐུན་རྐྱེན་ག་རེ་སྦྱར་དགོས་པ་ཡིན་ནའང་སྦྱར་རྒྱུ་ཡིན་སྐོར་གསུངས་སོང་།ཡང་སྲིད་སྐྱོང་མཆོག་གིས། ངས་ནམ་རྒྱུན་ཨ་མ་ལགས་ལ་ཕྲུ་གུ་ཚོའི་བོད་པའི་མི་རིགས་ཀྱི་ངོ་བོ་མ་བརླག་པ་དང་། མུ་མཐུད་བོད་པའི་སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་དགོས་པ་དང་། སེམས་ཤུགས་ཆགས་རྒྱུ་མེད་པའི་སྐོར་ཞུས་བསྡད་ཡོད། ད་ལྟ་ཨ་མ་ལྡོམ་པོ་སྐྱིད་ལགས་འདས་གྲོངས་སུ་ཕྱིན་ཚར་ཡོད་པ་དེར་ང་ཚོ་ཚང་མས་ཁོང་མོ་བསྐྱར་དུ་བོད་ཀྱི་རྩ་དོན་རྩོད་མཁན་བོད་མི་སྙིང་སྟོབས་ཅན་ཞིག་ཏུ་འཁྲུངས་རྒྱུའི་སྨོན་ལམ་འདེབས་དགོས་པ་དང་། བོད་མི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གང་དུ་ཡོད་མེད་རྩད་གཅོད་བྱེད་རྒྱུ་དེ་ཡང་ཧ་ཅང་གལ་ཆེན་ཡིན་པ་དང་། དེ་སྔོན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀ་ལིམ་པོང་དུ་ཡོད་ཚུལ་ཐོས་ཡོད་ཀྱང་ད་ལྟ་གར་སོང་ཆ་མེད་ཡིན་པ་དང་། གལ་ཏེ་རྒྱ་མིས་འཛིན་བཟུང་བྱས་ཡོད་ཚེ། ཁོང་གང་མགྱོགས་ཀློད་གྲོལ་གཏོང་དགོས་ཀྱི་ཡོད། ཅེས་གསུངས་སོང་།དེའི་རྗེས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྐུ་ཟླ་ཡཱེལ་ (Yael Pfeffer) ལགས་ཀྱིས། དེ་རིང་ནི་ཧ་ཅང་ཡིད་སྐྱོ་བའི་ཉིན་མོ་ཞིག་ཡིན། ཨ་མ་ལྡོམ་པོ་སྐྱིད་ནི་སེམས་བཟང་སྙོམ་ཆུང་ཞིག་ཡིན་པས། ང་ལ་མཚོན་ན་ཁོང་ནི་བོད་མིའི་མཚོན་དོན་ཞིག་ཡིན། ཁོང་མོས་དུས་རྒྱུན་དུ་ཚ་བོ་ཚ་མོ་ཚོར་དགའ་བརྩེ་གནང་གི་ཡོད་པ་དང་། བོད་མི་རྣམས་ཀྱིས་ང་ཚོ་བོད་མིའི་སྤྱི་ཚོགས་ཀྱི་ཁོངས་མིར་བརྩིས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

མཆོད་འབུལ་སྨོན་ལམ་གོ་སྒྲིག་པ་བོད་ལྗོངས་མདོ་སྨད་ཆོལ་ཁའི་ཚོགས་གཙོ་དགེ་བཤེས་གངས་རི་ལགས་ཀྱིས་གསར་འགོད་པར། ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་ནམ་རྒྱུན་བོད་བསྟན་སྲིད་ཀྱི་ཆེད་ཕྱག་འཚལ་བ་དང་ཟས་བཅད་ངོ་རྒོལ་བྱེད་པའི་ལས་འགུལ་འདྲ་མིན་སྤེལ་བ་རེད། མདོར་ན་དགོངས་པ་མ་རྫོགས་བར་དུ་བོད་བསྟན་སྲིད་ཆེད་ཕྱག་ལས་གནང་པ་རེད་ལ། མོའི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཆེད་དཀའ་ལས་མང་པོ་བརྒྱབས་ནས་ད་ལྟ་གར་སོང་ཆ་མེད་དུ་གྱུར་ནས་ཡོད་དུས། དེའི་ཐོག་ལ་དེང་སང་སྔོན་དང་མི་འདྲ་བར་གདུང་སེམས་མཉམ་སྐྱེད་བྱེད་མཁན་མང་དུ་འགྲོ་བཞིན་འདུག་ལ། དེ་རིང་གི་སྨོན་ལམ་འདིའི་ཐོག་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྐྱིད་སྡུག་ཁག དེ་བཞིན་ཆོལ་ཁ་རིས་སུ་མ་མཆིས་པའི་མི་མང་དང་སྐུ་མགྲོན་ཚོ་ཕེབས་པའི་རྒྱུ་མཚན་གཙོ་བོ་དང་། བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་ས་གཉིས་ཀྱི་གོ་སྒྲིག་བྱས་པའི་རྒྱུ་མཚན་ཡང་དེ་ཡིན། ཞེས་བརྗོད་སོང་།

གསར་འགོད་པ། ཀླུ་མགོན་ཐར་དང་པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༠/༢༥

Leave a Reply