སྐྱོ་དབྱངས་མངར་མོ་དྷ་རམ་ས་ལ་ནས་བསྟན་རྒྱུ་རེད།

ཕྱི་ཟླ་ ༡༡ ཚེས་ ༡ ནས་ ༤ བར་དྷ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་དུ་བོད་ཀྱི་གློག་བརྙན་<<སྐྱོ་དབྱངས་མངར་མོ་>>ཚུད་པའི་རྒྱ་གར་དང་རྒྱལ་སྤྱིའི་གློག་བརྙན་ ༢༣ བསྟན་རྒྱུ་ཡིན་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ ༧ པ་(Dharamshala International Film Festival, DIFF)འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡ ནས་༤ བར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་འཚོགས་རྒྱུ་ཡིན་པ་གསལ་བསྒྲགས་གནང་ཡོད་པ་དང་། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་བསྟན་འཛིན་བསོད་ནམས་དང་ཁོང་གི་བཟའ་ཟླ་རི་ཏུ་ས་རིན་(Ritu Rasin)ལགས་གཉིས་ཀྱིས་འཁྲབ་འཁྲིད་བྱས་པའི་བོད་ཀྱི་གློག་བརྙན་སྐྱོ་དབྱངས་མངར་མོ་(The Sweet Requiem) ཚུད་པའི་རྒྱ་གར་ནང་གི་གློག་བརྙན་ ༩ དང་རྒྱལ་སྤྱིའི་གློག་བརྙན་ ༡༤ བཅས་ཁྱོན་གློག་བརྙན་ ༢༣ ལྷག་བསྟན་རྒྱུ་ཡིན་འདུག

དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་འགན་འཛིན་རི་ཏུ་ས་རིན་ལགས་ཀྱིས་འདས་པའི་ལོ་བདུན་རིང་ལ་ང་ཚོས་དུས་སྟོན་འདིར་ཡར་རྒྱས་ཆེན་པོ་བཏང་ཡོད་ལ། དུས་རྒྱུན་ལྟར་མིའི་བློ་ཁ་འབྱེད་ཐུབ་པའི་གློག་བརྙན་མི་ཉུང་བ་ཞིག་སྟོན་ཐབས་བྱས་ཡོད། ང་ཚོའི་དམིགས་ཡུལ་གཙོ་བོ་ནི་ཧི་མ་ཅལ་མངའ་སྡེའི་ན་གཞོན་འཁྲབ་འཁྲིད་པ་རྣམས་ལ་རོགས་རམ་དང་སྐུལ་འདེད་གཏོང་རྒྱུ་དེ་ཡིན་སྐོར་བརྗོད་ཡོད་པ་དང་། ཐེངས་འདིའི་དུས་སྟོན་ཐོག་ཧི་མ་ཅལ་ནང་འཁྲབ་པའི་གློག་བརྙན་བཞི་ཙམ་ཆེད་དམིགས་ཀྱིས་བསྟན་རྒྱུ་ཡིན་པ་དང་། བྷོན་སལ་(Bhonsle)གློག་བརྙན་གྱི་འཁྲབ་སྟོན་པ་གཙོ་བོ་མ་ཎོ་ཇི་བྷ་ཇི་པ་ཡི་(Manoj Bajpayee) ལགས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐོར་ལ་པར་རིས་དཔེ་དེབ་རྩོམ་པ་པོ་དང་། རྒྱ་གར་གྱི་པར་བ་གྲགས་ཅན་ར་གྷུ་ར་ཡེ་Raghu Rai) ལགས་ཀྱང་ཡོང་འཆར་ཡོད་འདུག

ཐེངས་འདིའི་གློག་བརྙན་དུས་སྟོན་གོ་སྒྲིག་ཚོགས་ཆུང་གིས་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོར་དྷ་ཤོད་དུ་ཡོད་པའི་དྷ་རམ་ས་ལ་གཞུང་གི་མཐོ་སློབ་(Dharamshala Govt College) ཚོགས་ཁང་དུ་ས་གནས་མི་མང་རྣམས་ལ་རིན་མེད་ཐོག་བྱ་དགའ་ཐོབ་མྱོང་བའི་རྒྱ་གར་གྱི་གློག་བརྙན་མུག་ཏི་བྷ་ཝན་(Mukti Bhavan) ཞེས་པ་དེ་བསྟན་རྒྱུ་ཡིན་འདུག

ཐེངས་འདིའི་གློག་བརྙན་དུས་སྟོན་དེར་རྒྱབ་སྐྱོར་གནང་མཁན་ཋའེ་སན་བྷོར་ཎེ་མི་ཛ་དེང་རབས་སྒྱུ་རྩལ་(Thyssen-Bornemisza Art  Contemporary)དང་ཧི་མ་མངའ་སྡེ་གཞུང་གི་ཡུལ་བསྐོར་སྤྲོ་འཆམ་དང་སྐད་ཡིག་ཚན་པ། དེ་བཞིན་ཧི་མ་ཅལ་མངའ་སྡེ་གཞུང་གི་སྒྱུ་རྩལ་དང་རིག་གཞུང་ཚན་པ། རྒྱ་གར་རྒྱལ་ཡོངས་གློག་བརྙན་དར་སྤེལ་ཚོགས་པ་བཅས་ཡིན་འདུག

པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༠/༢༥

Leave a Reply