ཨ་མ་རྗེ་བཙུན་པདྨར་ངག་གི་བདག་པོའི་མཚན་གནས་ཕུལ།

སྐུའི་གཅུང་མོ་བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་་ནས་ཤེས་ཡོན་དང་རིག་གཞུང་། སྤྱི་ཚོགས་དང་འགྲོ་བ་མིའི་རིན་ཐང་བཅས་ལ་མཛད་རྗེས་རླབས་ཆེན་བཞག་གནང་བར་ངག་གི་བདག་པོ་ཞེས་པའི་མཚན་གནས་དང་གཟེངས་བསྟོད་ཕུལ།དེ་རིང་སྔ་དྲོར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཨཏིཤ་ཚོགས་ཁང་དུ་བསླབ་པ་མཐར་སོན་པའི་དགའ་སྟོན་ཐེངས་ ༡༥ པའི་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་སྟེང་སྐུའི་གཅུང་མོ་བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་དང་རྒྱ་གར་གྱི་སློབ་དཔོན་བདྱཱ་ཤྲཱི་ཤ་ཏཱིརྠ་སཱམཱི་མཆོག སློབ་དཔོན་དགེ་སློང་ཏིཀ་ནྱཱཏ་ཧནྷ་མཆོག་བཅས་ནས་ཤེས་ཡོན་དང་རིག་གཞུང་། སྤྱི་ཚོགས་དང་འགྲོ་བ་མིའི་རིན་ཐང་བཅས་ལ་མཛད་རྗེས་རླབས་ཆེན་བཞག་གནང་བར་ངག་གི་བདག་པོ་ཞེས་པའི་མཚན་གནས་དང་གཟེངས་བསྟོད་ཀྱི་ཕྱགས་རྟགས་བཅས་ཕུལ་སོང་།

དེ་ཡང་མཛད་སྒོའི་ཐོག་གཙུག་ལག་སློབ་གཉེར་ཁང་དེའི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས། དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདིས་རིགས་བདག་གི་དབང་ཚད་ཐོག་ནས་རིགས་པའི་ཆུ་གཏེར་ཐོན་པ་རྣམས་དང་མཁས་པ་སློབ་དཔོན་སློབ་ཐོན་པ་རྣམས། གསོ་བ་རིག་པའི་སྨན་རམས་པའི་སློབ་དཔོན་སློབ་ཐོན་པ། བོད་ཀྱི་ནང་པའི་ལྟ་གྲུབ་སློབ་དཔོན་སློབ་ཐོན་པ་རྣམས། གསོ་བ་རིག་པ་དང་བོད་ཀྱི་རྩིས་རིག་པའི་སློབ་དཔོན་སློབ་ཐོན་པ། གཞན་ཡང་། བོད་དང་ནང་པའི་གནའ་དེང་སྒྱུ་རྩལ་རིག་པའི་སློབ་དཔོན་སློབ་ཐོན་པ་དང་། བསླབ་པའི་བསྟན་བཅོས་སློབ་ཐོན་པ་དང་སྒྱུ་རྩལ་དག་འོས་དང་ཚན་རིག་དགེ་འོས་ཀྱི་སློབ་ཐོན་པ་རྣམས། བསྟན་བཅོས་སློབ་ཐོན་པ་རྣམས་བཅས་ལ་སློབ་ཐོན་ཕྱག་འཁྱེར་གནང་བ་དང་སྦྲགས། དེང་ནས་བཟུང་སྟེ་ཇི་སྲིད་འཚོ་བའི་བར་དུ་ཕྱག་འཁྱེར་འདི་དང་མཐུན་པའི་སྒོ་གསུམ་གྱི་སྤྱོད་པ་བག་ཡོད་པར་མཛོད་ཅིག ཅེས་རེ་སྐུལ་གནང་བ་དང་འབྲེལ་ནས་སློབ་ཐོན་པ་སློབ་མ་ ༢༠༠ ལྷག་ལ་ཕྱག་འཁྱེར་གནང་སོང་།མཛད་སྒོའི་ཐོག་བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་གིས་བླང་དོར་གྱི་བཀའ་སློབ་གནང་སྐབས། ང་ཚོས་བོད་ཕྲུག་ཚོའི་ཆེད་དུ་ལས་ཀ་བྱས་པར་ང་ལ་ཁོང་ཚོའི་ཚབ་བྱས་ཏེ་ཆེ་བསྟོད་ཀྱི་གཟེངས་རྟགས་འདི་གནང་པར་དགའ་སྤྲོ་ཆེན་པོ་བྱུང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་ལ་འབྱོར་བ་ནས་བཟུང་ཁོང་གི་དགོངས་པར་བོད་ཕྲུག་ཚོར་ཤེས་ཡོན་ཡག་པོ་སྤྲོད་དགོས་པ་ཧ་ཅང་གལ་གནད་ཆེ་ཤོས་ཤིག་ཏུ་གཟིགས་ཡོད་པ་རེད་ལ། བོད་ཕྲུག་ཚོ་ནི་མ་འོངས་བོད་ཀྱི་སོན་རྩར་ངོས་འཛིན་གྱིས་བོད་ཕྲུག་ཚོར་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ཐོག་ཤུགས་སྐྱོན་གནང་ཡོད་པ་དང་། བོད་ཕྲུག་ཁྱིམ་སྡེ་ཡིས་དེའི་ཐོག་ལས་ཀ་བྱས་ནས་མི་ལོ་ཧྲིལ་བོ་ ༥༨ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཚར་ཙམ་རེད། ལོ་འདི་དག་རིང་ལ་སློབ་ཕྲུག་ ༥༢༠༠༠ ལྷག་བོད་ཕྲུག་ཁྱིམ་སྡེ་ནས་བསླབ་པ་མཐར་ཕྱིན་ཡོད་པ་དང་། དེས་བཙན་བྱོལ་བོད་མིའི་མི་འབོར་གྱི་སུམ་ཆའི་གཅིག་ཟིན་ཡོད་པས་ང་ཚོས་འདི་ལྟའི་ལས་ཀ་བྱེད་ཐུབ་པར་དགའ་སྤོབས་སྐྱེས་བཞིན་ཡོད། དེ་ནི་རྒྱ་གར་གཞུང་དང་དྭང་བླངས་བ། དེ་བཞིན་ཚོགས་སྡེ་ཁག་དང་སྒེར་བ་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ལ། ང་ཚོ་བཙན་བྱོལ་དུ་ཡོད་པའི་རིང་གཏོང་ཕོད་ཆེན་པོས་རོགས་རམ་གནང་བའི་བཀའ་དྲིན་རྣམས་ཚོར་ཐུབ་ཀྱི་ཡོད། ཅེས་སོགས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༢༥

Leave a Reply