སྐད་འཕྲིན་རྩེད་ཆས་བརྒྱུད་གྲྭ་བཙུན་ཚོར་ཁྲིམས་སྒྲིག་དྲིལ་བསྒྲགས།

རྒྱ་ནག་གཞུང་གིས་ཚོགས་ཆུང་ཆེད་འཛུགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་དགོན་སྡེ་ཁག་གཙོའི་མི་མང་ཁྲོད་རྒྱ་གཞུང་གི་ཁྲིམས་སྒྲིག་ཁག་དང་སྲིད་བྱུས་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཟེར།ཟླ་འདིའི་ཕྱི་ཚེས་ ༢༥ ཉིན། རྒྱ་ནག་གོ་ལའི་དུས་བབ་ཟེར་བས་སྤེལ་བའི་གནས་ཚུལ་ལྟར་ན། ད་ལྟའི་རྒྱ་ནག་གི་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོང་གི་ཁྲིམས་ལུགས་སྡེ་ཚན་ཟེར་བས་ཆེད་དུ་ཚོགས་ཆུང་བཙུགས་ཏེ། ས་གནས་དགོན་སྡེ་ཁག་ལ་ཆེད་བཅར་གྱིས་གྲྭ་བཙུན་ཚོར་རྒྱ་ནག་གི་ཁྲིམས་ལུགས་ལ་སློབ་སྦྱོང་དང་གོ་རྟོགས་སྤེལ་ཐབས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་དང་། ཁོ་ཚོས་ཁ་པར་ལས་སྐད་འཕྲིན་རྩེད་ཆས་ཤིག་བརྒྱུད་གྲྭ་བཙུན་དང་ས་གནས་མི་མང་ལ་རྒྱ་ནག་གཞུང་གི་སྲིད་བྱུས་དང་ཁྲིམས་སྒྲིག་ཁག་ལ་སློབ་སྦྱོང་བྱེད་བཅུག་གི་ཡོད་འདུག

གནད་དོན་དེའི་ཐད་ལྷ་ས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཞིང་ཀོང་ཤིན་ (Xiong Kunxin) ཟེར་བ་ཞིག་གིས་གསར་འགོད་པར། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་ཏུ་ཁྲིམས་ལུགས་དང་རྒྱ་ནག་གི་སྲིད་བྱུས་ཀྱི་གོ་རྟོགས་ཧ་ཅང་ཞེན་པོ་ཡིན་པ་དང་། རྒྱུ་མཚན་ནང་པ་སངས་རྒྱས་པའི་ཆོས་མཉམ་ལེན་བྱེད་མཁན་མང་པོས་ཁོ་ཚོ་ནི་ཁྲིམས་ལུགས་ཀྱི་རྒྱ་ལས་བརྒལ་ཡོད་སྙམ་པའི་ངོས་འཛིན་བྱེད་ཀྱི་ཡོད་པས་ཁྲིམས་ལུགས་དང་སྲིད་བྱུས་ཀྱི་གོ་རྟོགས་ཞེན་པོ་རེད། ཅེས་བརྗོད་འདུག

ཡང་ཁོས་མུ་མཐུད་ས་གནས་མི་མང་ལ་ཁྲིམས་ལུགས་སློབ་འཁྲིད་བྱེད་པར་དཀའ་ངལ་ཆེ་ཤོས་སྐད་ཡིག་ཡིན་པ་དང་། མ་འོངས་པར་ཁྲིམས་ལུགས་དང་སྲིད་བྱུས་དྲིལ་བསྒྲགས་བྱེད་མཁན་སྐད་གཉིས་བཤད་ཐུབ་མཁན་མེད་པ་ཡིན་ན་འདོད་བློ་ཁེངས་པ་ཞིག་ཡོང་མི་ཐུབ་པ་དང་། བོད་རང་སྐྱོང་ལྗོངས་གཅིག་པུ་ཙམ་མ་ཡིན་པར་ཀན་སུའུ་དང་མཚོ་སྔོན། སི་ཁྲོན། ཡུའུ་ནན་སོགས་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་བོད་པ་ཚོས་ད་དུང་ཁྲིམས་ལུགས་དང་སྲིད་བྱུས་ཀྱི་གོ་དོན་རྟོགས་པར་གལ་ངལ་ཆེན་པོ་ཡོད་པ་དང་། ཁྲིམས་ལུགས་དང་སྲིད་བྱུས་ཁྱབ་བསྒྲགས་དང་གོ་རྟོགས་ག་ཚོད་སྤེལ་ཐུབ་པ་ཡིན་གྲྭ་བཙུན་ཚོར་ཁྲིམས་ཀྱི་འོག་ནས་འཚོ་གནས་བྱེད་པར་རོགས་ཕན་དང་ས་གནས་བརྟན་བརླིང་དང་མཐུན་སྒྲིལ་ལ་ཕན་ཐོགས་ཡོད་སྐོར་བརྗོད་འདུག

ཐེངས་འདིར་བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་ལུགས་དང་སྲིད་བྱུས་སྒྲོག་འབྲེལ་བྱེད་མཁན་ཚོར་བོད་སྐད་དང་རྒྱ་སྐད་གཉིས་ཀ་ཤེས་མཁན་གྲ་སྒྲིག་བྱས་ཡོད་པ་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་གྲྭ་བཙུན་དང་མི་མང་ཚོས་ཁ་པར་མཉེན་ཆས་དང་སྐད་འཕྲིན་རྩེད་ཆས་སོགས་བརྒྱུད་རྒྱ་ནག་གཞུང་གི་ཁྲིམས་ལུགས་དང་སྲིད་བྱུས་ལ་སློབ་སྦྱོང་བྱེད་ཐུབ་པ་བཟོས་ཡོད་པ་དང་། སྐད་འཕྲིན་རྩེད་ཆས་དེ་བཤེར་རིས་ཤིག་བརྒྱུད་ནས་ཕབ་ལེན་བྱེད་དགོས་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་བརྗོད་པ་ལྟར་ན་ད་ལྟ་བར་རྩེད་མོ་དེ་རྩེད་མཁན་མི་གྲངས་ས་ཡ་ ༡.༨ ལ་བུད་ཡོད་སྐོར་བརྗོད་འདུག

ཉེ་བའི་ལོ་ཤས་ནས་རྒྱུ་ནག་གཞུང་གིས་བོད་ས་ཡོངས་ཀྱི་དགོན་སྡེ་ཁག་ཏུ་བརྗོད་གཞི་འདྲ་མིན་གྱི་འོག་ནས་རྒྱ་ནག་གཞུང་གི་ཁྲིམས་ལུགས་དང་སྲིད་བྱུས་དྲིལ་བསྒྲགས་བྱེད་མགོ་བརྩམས་ཡོད་པ་དང་། ད་ལྟའི་ཆར་ཐབས་ལམ་གཞན་ཞིག་ནི་མི་མང་པོས་ཁ་པར་ཁུར་ཡོད་སྟབས། ཁ་པར་རྩེད་རིགས་སྣ་ཚོགས་བརྒྱུད་སློབ་གྲྭ་ཁག་གི་སློབ་མ་དང་གྲྭ་བཙུན་ཚོར་རྒྱ་གཞུང་གི་ཁྲིམས་སྒྲིག་དང་སྲིད་བྱུས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་དང་། གནས་ཚུལ་ལྟར་ན་རྒྱ་གཞུང་གིས་ལྷ་སའི་དགོན་སྡེ་ཁག་ཏུ་གྲྭ་བཙུན་ཚོར་ཁ་པར་ནང་དུ་གཞུང་གི་སྟངས་འཛིན་འོག་རིག་གནས་བྱེད་སྒོ་དང་ཡིག་གཟུགས་འགྲན་བསྡུར། རྩེད་རིགས་འགྲན་བསྡུར་དང་ནང་སྔ་ནུབ་ཀྱི་ཞལ་འདོན་སོགས་མཁོ་སྤྲོད་དང་ཞོར་དུ་རྒྱ་གཞུང་གི་ཁྲིམས་སྒྲིག་ཁག་ཁྱབ་བསྒྲགས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་བརྗོད་པ་ལྟར་ན་ད་སྔ་བར་ཁྲིམས་ལུགས་དང་སྲིད་བྱུས་དྲིལ་བསྒྲགས་ཀྱི་ནང་དུ་མི་གྲངས་ ༢༤༠༠༠ ལྷག་དང་ད་ལོའི་ཕྱི་ཟླ ༣ ནས་དགོན་སྡེ་ཁག་གཙོའི་མི་མང་ཁྲོད་དྲིལ་བསྒྲགས་ཡིག་ཆ་ ༧༠༠༠༠ ཙམ་འགྲེམས་སྤེལ་བྱས་ཡོད་སྐོར་འཁོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༢༦

Leave a Reply