༧གོང་ས་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱང་འཆར་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་ཕྱི་ལུགས་ཚན་རིག་པ་ དང་ལྷན་དུ་ནང་བསྟན་ཚན་རིག་དང་དེང་རབས་ཚན་རིག་བར་བགྲོ་གླེང་གནང་རྒྱུ་ཡིན་འདུགསྐུ་སྒེར་དྲ་རྒྱའི་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༤ ནས་ཉིན་ ༣ རིང་ཉི་ཧོང་གི་ཡ་ཁོ་ཧ་མ་ (Yakohama) གྲོང་འཁྱེར་དུ། ཤར་ཨེ་ཤེ་ཡའི་སྐུ་ཚབ་དོན་གཅོད་ཁང་གིས་ཇི་ལྟར་གསོལ་བ་བཏབ་བ་ལྟར་ཉིན་ ༢ རིང་ཆོས་འབྲེལ་དང་། ཉིན་མཐའ་མ་དེར་ཕྱི་ལུགས་ཚན་རིག་པ་དང་ལྷན་ནང་བསྟན་ཚན་རིག་གི་སྐོར་ལ་བགྲོ་གླེང་གནང་རྒྱུ་ཡིན་འདུག

ཉིན་དང་པོའི་སྔ་དྲོར་ཡོ་ཁོ་ཧ་མ་རྒྱལ་ཡོངས་ལྷན་ཚོགས་ཚོགས་ཁང་ (National Conventional Hall of Yakohama) དུ། ཤེས་རབ་སྙིང་པོ་དང་། རྗེ་ཙོང་ཁ་བ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ། དེ་བཞིན་ཀཱ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། ཉིན་གཉིས་པའི་སྔ་དྲོར་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ། དེ་བཞིན་ཉིན་མཐའ་མའི་སྔ་དྲོ་ནས་བཟུང་ཕྱི་ལུགས་ཚན་རིག་པ་ ༣ དང་ལྷན་ནང་བསྟན་ཚན་རིག་དང་དེང་རབས་ཚན་རིག་བར་བགྲོ་གླེང་གནང་རྒྱུ་ཡིན་འདུག་ལ། བཀའ་ཆོས་དང་བགྲོ་གླེང་སྐབས་དབྱིན་སྐད་དང་རྒྱ་སྐད། ཀོ་རི་ཡའི་སྐད་དང་སོག་སྐད། ཨུ་རུ་སུའི་སྐད་དང་ཉི་ཧོང་སྐད་བཅས་སུ་ཐད་བསྒྱུར་ཞུ་རྒྱུ་ཡིན་འདུག

དེ་བཞིན་འདི་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༣ ནས་ ༥ བར་ཨུ་ཏར་མངའ་སྡེ་ནང་གི་ནང་པའི་གཞོན་ནུ་ཚོགས་པས་ (Youth Buddhist Society) གསོལ་བ་བཏབ་པ་ལྟར། རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་འདུག

གསར་འགོད་པ།  ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༢༧

Leave a Reply