རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ཐད་གྲོས་མོལ་གནང་འཆར།

རྒྱ་དཀར་ནག་བར་གྱི་ས་མཚམས་རྩོད་རྙོག་ཞི་འཇགས་ཡོང་ཆེད་མི་འགྱངས་བར་རྒྱ་ནག་ནང་གྲོས་མོལ་ཐེངས་ ༢༡ པ་དེ་གནང་འཆར་ཡོད་འདུགརྒྱ་གར་དཔལ་འབྱོར་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། འཆར་ལ་ཉེ་བའི་ཕྱི་ཟླ་ ༡༡ པའི་ནང་རྒྱ་གར་བདེ་སྲུང་སློབ་སྟོན་པ་ཨ་རྗེ་ཊི་དྷི་ཝལ(Ajit Doval)དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡའེ་(Wang Yi)གཉིས་ཀྱི་སྣེ་འཁྲིད་འོག རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཐད་གྲོས་མོལ་ཐེངས་ ༢༡ པ་དེ་གནང་རྒྱུ་ཡིན་འདུག

རྒྱ་གར་གྱི་འབྲེལ་ཡོད་ཅིག་གིས་ཐེངས་འདིའི་གྲོས་མོལ་དེ་ཟླ་རྗེས་མའི་ཕྱི་ཚེས་ ༢༣ ནས་ ༢༥ བར་རྒྱ་ནག་ནས་ཚོགས་རྒྱུ་ཡིན་པ་དང་། ཚོགས་དུས་ཀྱི་ཟླ་ཚེས་སོགས་གཏན་འཁེལ་བྱས་ཡོད་ན་ཡང་ཚོགས་ས་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྲོང་ཁྱེར་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཁག་གི་རྩོད་རྙོག་ཐད་ད་བར་གྲོས་མོལ་ཐེངས་ ༢༠ ཕྱིན་ཡོད་པ་དང་། རྒྱལ་ས་ལྡི་ལིར་བསྡུས་པའི་གྲོས་མོལ་༢༠ དེ་སྔར་ལོ་ས་མཚམས་ཁག་ཏུ་ཕྱོགས་གཉིས་ཀྱི་དམག་མི་འགྲེམས་འཇོག་གིས་ཕན་ཚུན་གདོང་ཐུག་གི་བར་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇེ་ཁྲི་(Yang Jiechi)དང་རྒྱ་གར་གྱི་བདེ་སྲུང་སློབ་སྟོན་པ་ཨ་རྗེ་ཊི་དྷི་ཝལ་གཉིས་ཀྱིས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་བར་གནང་ཡོད་པ་རེད།

རྒྱ་དཀར་ནག་བར་རྒྱང་ཐག་སྤྱི་ལེ་ ༣༤༨༨ ས་མཚམས་སུ་འཁེལ་ཡོད་པ་དང་། ས་མཚམས་དེ་དག་ཚང་མར་ཕྱོགས་གཉིས་ཀྱི་དམག་མིས་ལྟ་སྲུང་འོག་ཡོད་པ་དང་། སྔ་ལོར་འབྲོག་ལམ་ཁུལ་དུ་ཉིན་གྲངས་ ༧༣ རིང་ཕྱོགས་གཉིས་ཀྱི་དྲག་ཆས་དམག་མིས་གདོང་དང་གདོང་ཐུག་ནས་ཛ་དྲག་གི་གནས་སྟངས་ཆགས་ཡོང་ཀྱང་། ཕྱིས་སུ་རྒྱ་ནག་ཕྱོགས་ནས་དམག་མི་ཕྱིར་འཐེན་དང་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུ་མིན་ཚུལ་བརྗོད་དེ་ཅུང་ཞི་འཇགས་སུ་གྱུར་ཡོད་པ་རེད།

རྒྱ་གར་གྱི་རྒྱ་ནག་གཞུང་ཚབ་པ་སྐུ་ཞབས་གོ་ཏམ་བྷམ་བྷོལ་(Gautam Bambawale)ལགས་ཀྱིས་ད་ལོའི་རྒྱ་ནག་གི་ཝུའུ་ཧན་(Wuhan)ཚོགས་འདུའི་སྐབས་ཀྱི་ཐུག་འཕྲད་ནས་བཟུང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་ཡོད་པ་དང་། རྒྱ་ནག་གི་བདེ་སྲུང་བློན་ཆེན་རྒྱ་གར་ནང་ཡོང་སྟེ་སྲིད་བློན་མུ་དྷི་མཆོག་ལ་ཐུག་འཕྲད་བྱས་ཡོད་པ་དང་། དེ་བཞིན་ཕྱོགས་གཉིས་ཀྱི་དམག་དཔོན་ཚོས་ཀྱང་ཕན་ཚུན་ཐུག་འཕྲད་དང་སྐད་ཆ་སོགས་ཡག་པོ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ད་ལན་ནི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡའེ་ཡིས་སྣེ་འཁྲིད་དེ་རྒྱ་དཀར་ནག་བར་གྱི་ས་མཚམས་གྲོས་མོལ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པས་མང་པོ་ཞིག་གིས་བཟང་ཕྱོགས་ཀྱི་རེ་བ་རྒྱག་གི་ཡོད་ན་ཡང་། ཆབ་སྲིད་པ་ཚོས་ཐེངས་འདིའི་གྲོས་མོལ་དེ་སྔར་རྒྱུན་བཞིན་ཕྱོགས་གཉིས་ཀྱི་ས་མཚམས་རྩོད་རྙོག་སེལ་ཐབས་ལ་ཕན་ཐོགས་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད་པ་དང་། ཕྱོགས་གཉིས་ཐད་ནས་ས་མཚམས་རྩོད་རྙོག་སེལ་ཐབས་དང་སེལ་འདོད་ཡོང་གི་ཡོད་ན་ཡང་། དོན་དངོས་ཀྱི་རྩོད་གཞིར་བབ་ན་རྒྱ་ནག་གིས་ཨ་རུ་ནཱ་ཅལ་མངའ་སྡེ་ཡོངས་དེ་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་བོད་ཀྱི་ཆ་ཤས་ཡིན་སྐོར་བརྗོད་བཞིན་པ་སོགས་ཀྱིས་ཡོང་ཐབས་མེད་པ་ཞིག་ཡིན་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༢༩

Leave a Reply

One thought on “རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ཐད་གྲོས་མོལ་གནང་འཆར།

  1. སྔ་མོ་་་ སྐུ་ཞབས་ བ་བ་ རམ་དེའུ་ལགས་ཀྱི་ རྒྱ་ནག་ལ་ སྣ་སྔ་མོ་ནས་་་ བོད་དང་རྒྱ་གར་ས་མཚམས་མ་ཏོགས་ རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གོ་མ་མྱོང་། ཧ ཧ ཧ 🤣 ITBP