སྦིར་ཛིལ་སྲིད་འཛིན་གསར་པ་བདམས།

སྦིར་ཛིལ་གྱི་སྲིད་འཛིན་འོས་བསྡུ་ཆེན་མོའི་ཁྲོད་སྤྱི་ཚོགས་གུ་ཡངས་སྲིད་དོན་ཚོགས་པའི་འོས་མི་ཇེར་བྷོལ་སོ་ནཱ་རོ་ལགས་ལ་རྒྱལ་ལ་ཐོབ་སྟེ་སྲིད་འཛིན་སྐབས་ ༣༨ པར་བདམས་ཐོན་བྱུང་ཡོད་འདུགཁ་སང་ལྷོ་ཨ་རིའི་རྒྱལ་ཁབ་སྦིར་ཛིལ་གྱི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་ཁྲོད་གཡོན་ལྷུང་ངལ་རྩོལ་བའི་སྲིད་དོན་ཚོགས་པའི་འོས་མི་ཧྥར་ནན་ཌོ་ཧ་ཌེ་ཌི་(Fernando Haddad)ལགས་ལ་འོས་གྲངས་ས་ཡ་༤༧( ༤༧,༠༢༢,༢༡༧) ཏེ་བརྒྱ་ཆ་ ༤༤ ལྷག་དང་། གཡས་ལྷུང་སྤྱི་ཚོགས་གུ་ཡངས་སྲིད་དོན་ཚོགས་པའི་འོས་མི་ཇེར་བྷོལ་སོ་ནཱ་རོ་(Jair Bolsonaro)ལགས་ལ་འོས་གྲངས་ས་ཡ་ ༥༧ ( ༥༧,༧༨༧,༨༦༩) ཏེ་བརྒྱ་ཆ་ ༥༥ ལྷག་ཐོབ་སྟེ། གཡས་ལྷུང་སྲིད་དོན་ཚོགས་པར་སྲིད་འཛིན་བསྟུད་མར་གྱི་རྒྱལ་ཁ་ཐེངས་ ༥ པ་ཐོབ་ཡོད་པ་དང་། སྐུ་ཞབས་ཇེར་བྷོལ་སོ་ནཱ་རོ་ལགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡ ནས་སྲིད་འཛིན་གྱི་ལས་འཁུར་ཞུ་རྒྱུ་ཡིན་འདུག

འོས་བསྡུར་རྒྱལ་ཁ་ཐོབ་རྗེས་ཇེར་བྷོལ་སོ་ནཱ་རོ་ལགས་ཀྱིས། ང་ཚོས་མུ་མཐུད་དམར་ཤོག་དང་། སྲིད་དབང་མཁྲེགས་འཛིན་རིང་ལུགས་ལ་སྤྲེལ་ལད་འཁྲབ་སྟེ་འདུག་གི་མིན། ང་ཚོས་བཅའ་ཁྲིམས་དང་དམངས་གཙོ། དེ་བཞིན། རང་དབང་སོགས་སྲུང་སྐྱོབ་བྱས་ཏེ། སྦིར་ཛིལ་ནམ་ཡང་སྲིད་དབང་སྒེར་འཛིན་པའི་གཞུང་ཞིག་ཏུ་མི་འགྱུར་བའི་ཁས་ལེན་བྱེད་བཞིན་ཡོད་པ་མ་ཟད། ངས་བཤད་པའི་སྐད་ཆ་དག་སྲིད་དོན་ཚོགས་པ་ཞིག་དང་ཡང་ན་མི་སྒེར་གྱི་སྐད་ཆ་ཞིག་མ་ཡིན་པར། དེ་ནི་དཀོན་མཆོག་གི་མདུན་ནས་ཁས་བླངས་དམ་བཅས་པ་ཞིག་ཡིན། ཞེས་བརྗོད་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཊོམ་ཕུས་ཇེར་བྷོལ་སོ་ན་རོ་ལགས་སྦིར་ཛིལ་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་ཏེ། ཁོང་ལ་འཚམས་འདྲི་ཞུས་པ་དེ་ནི་ཧ་ཅང་དགའ་འོས་པའི་གྲོགས་པོའི་འབྲེལ་བ་ཞིག་ཡིན་སྐོར་བརྗོད་ཡོད་པ་དང་། སྐུ་ཞབས་ཇེར་བྷོལ་སོ་ན་རོ་ལགས་ནི་ནམ་རྒྱུན་ཊོམ་ཕུ་ལ་རྒྱབ་སྐྱོར་དང་བསྔགས་བརྗོད་མང་པོ་བྱེད་མཁན་ཞིག་ཡིན་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། འདས་ལོར་སྦིལ་ཛིལ་ནང་ནག་ཚོགས་ཀྱི་གདུག་རྩུབ་འོག་མི་ ༦༤༠༠༠ ཙམ་དམར་གསོད་བཏང་ཡོད་པ་དང་། འོས་བསྡུའི་དྲིལ་བསྒྲགས་སྐབས་ཇེར་བྷོལ་སོ་ན་རོ་ལགས་ཀྱིས་ཡུལ་དེའི་ནང་གི་ལྐོག་ཟ་རུལ་སུངས་ཚར་གཅོད་དང་། འདི་ལོ་ནས་སྦིལ་ཛིལ་ནང་གི་ནག་ཚོགས་ཁག་གཙང་སེལ་བཟོ་ཆེད་མེ་མདའ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་བྱས་ཏེ། ཉེན་རྟོག་པས་ནག་ཚོགས་དང་འབྲེལ་བའི་གནས་ཚུལ་བྱུང་སྐབས། ཐད་ཀར་མི་གསོད་ཆོག་པའི་ཐོབ་ཐང་ཆ་ཚང་ཡོད་པ་བཟོ་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་འདུགཐེངས་འདིའི་སྦིལ་ཛིལ་གྱི་སྲིད་འཛིན་འོས་བསྡུའི་ཁྲོད་སྐུ་ཞབས་ཇེར་བྷོལ་སོ་ནཱ་རོ་ལགས་སུ་མི་ཞིག་གིས་གཅོད་རྩིས་བྱས་ཏེ་གྲིས་བརྒྱབས་ཡོད་ཀྱང་། དེ་མ་ཐག་ཛ་དྲག་སྨན་བཅོས་བྱས་ཏེ་གང་མགྱོགས་དྲག་སྐྱེད་བྱུང་ཡོད་པ་དང་། ཁོང་གསོད་རྩིས་བྱེད་མཁན་དེ་ཁ་གཏད་སྲིད་དོན་ཚོགས་པའི་གཡོ་ཇུས་ཤིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

ཁ་སང་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་རྗེས་གཡོན་ལྷུང་སྲིད་དོན་ཚོགས་པའི་འོས་མི་ཧྥར་ནན་ཌོ་ཧ་ཌེ་ཌི་ལགས་ཀྱིས་སྲིད་འཛིན་གསར་པར་འཚམས་འདྲི་དང་སྦྲགས། ཁོ་རང་ལ་འོས་བླུག་མཁན་ཚོར་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་སྤེལ་ཡོད་འདུག ཡིན་ནའང་། གཡོན་ལྷུང་སྲིད་དོན་པ་མང་པོ་ཞིག་གིས་ཇེར་བྷོལ་སོ་ནཱ་རོ་ལགས་སྲིད་འཛིན་དུ་བདམས་ཐོན་བྱུང་བ་དེས། སྦིར་ཛིལ་གྱི་འགྲོ་བ་མིའི་ཐོབ་ཐང་དང་སྐྱེས་ཁུངས་སྲུང་སྐྱོབ་སོགས་ཉེན་ཁའི་ནང་ལྷུང་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

སྦིར་ཛིལ་ནི་མི་གྲངས་ས་ཡ་ ༢༠༦ ཙམ་ཡོད་པའི་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཨང་བཞི་པ་ཡིན་པ་དང་། སྲིད་འཛིན་གསར་པ་ཇེར་བྷོལ་སོ་ན་རོ་ལགས་ཀྱི་སྲིད་དོན་ཚོགས་པར་ཉེ་བའི་སྲིད་འཛིན་འོས་བསྡུ་ཐེངས་ ༤ རིང་བསྟུད་མར་རྒྱལ་ཁ་ཐོབ་ཡོད་པ་དང་། ད་ལན་ནི་སྲིད་དོན་ཚོགས་པ་དེར་རྒྱལ་ཁ་ཐོབ་པ་ཐེངས་ ༥ པ་དེ་ཆགས་ཡོད་འདུག

སྐུ་ཞབས་ཇེར་བྷོལ་སོ་ནཱ་རོ་ལགས་ནི་ཕྱི་ལོ་ ༡༩༥༥ ལོར་སྦིར་ཛིལ་གྱི་སོའོ་ཕོ་ལོ་ཞིང་ཆེན་(São Paulo)གྱི་གྷི་ལི་སི་རོ་ (Glicerio)ས་གནས་སུ་སྐྱེས་ཡོད་པ་དང་། ཕྱི་ལོ་ ༡༩༧༧ ལོར་དམག་དོན་ཆེད་ལས་སློབ་སྦྱོང་ཐོན་རྗེས། སྦིར་ཛིལ་གྱི་དམག་དཔུང་ནང་ཞུགས་ཏེ་དམག་དཔོན་ཞིག་ཏུ་གྱུར་ཡོད་འདུག ཕྱི་ལོ་  ༡༩༩༠ ལོར་སྦིར་ཛིལ་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཏེ་རྒྱུན་ལས་སོགས་ཀྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༡ ལོར་ཆེས་ཐོག་མར་གཡས་ལྷུང་སྤྱི་ཚོགས་གུ་ཡངས་སྲིད་དོན་ཚོགས་པའི་ནང་འཛུལ་ཞུགས་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༠/༢༩

Leave a Reply