འབྲི་ཆུའི་རྒྱུད་དུ་ཆུ་ལོག་ཚབས་ཆེན་འབྱུང་ཉེན་འདུག་ཟེར།

རྒྱ་ནག་གཞུང་གིས་འབྲི་ཆུའི་རྒྱུད་དུ་ཆུ་མཛོད་གློག་ཁང་རྒྱ་ཆེན་པོ་རྒྱག་བཞིན་ཡོད་པས་ཆུ་ཤོར་ཏེ་གནོད་འཚེ་ཚབས་ཆེན་འབྱུང་སྲིད་པའི་སེམས་འཁྲལ་བྱེད་བཞིན་འདུག

ཉེ་སྔོན་ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་འཇོ་མདའ་རྫོང་སྤོ་ལོ་ཡུལ་ཚོའི་ས་མཚམས་ཀྱི་འབྲི་ཆུའི་ཁུག་མགོ་ཞིག་ཏུ་རི་ཉིལ་དོན་རྐྱེན་བྱུང་རྗེས། རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་འབྲི་ཆུའི་བཞུར་རྒྱུན་རྒྱུན་ལྡན་དུ་གྱུར་ཏེ། ས་གནས་མི་མང་གི་བདེ་འཇགས་ཐད་དཀའ་ངལ་མེད་པ་ཆགས་ཡོད་སྐོར་བསྒྲགས་ཡོད་ཀྱང་། འདི་གར་ས་གནས་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ས་གནས་མི་མང་གི་འཚོ་བར་མུ་མཐུད་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། སྔར་ལས་ཆུ་ལོག་གི་ཉེན་ཁ་ཆེན་པོ་ཞིག་འབྱུང་ཉེན་ཡོད་པའི་སེམས་འཁྲལ་བྱེད་བཞིན་འདུག

ས་གནས་བོད་མི་ཞིག་གིས་ཡུལ་དེའི་འབྲི་ཆུའི་རྒྱུད་དུ་རྒྱ་ནག་གཞུང་གིས་ཆུ་མཛོད་གློག་ཁང་རྒྱག་བཞིན་ཡོད་པས་ས་གནས་མི་མང་གི་ཞིང་ས་ཚང་མ་བླངས་ཚར་ཡོད་པ་དང་། ཁྱིམ་ཚང་ཁ་ཤས་ཀྱི་ཁང་པའང་གློག་ཁང་གི་རྒྱག་སར་འཁེལ་ཡོད་སྟབས། སྲིད་གཞུང་གིས་ས་ཆ་ཁ་ཤས་ལ་གུན་གསབ་ཀྱི་དངུལ་སྤྲད་ཡོད་ཀྱང་།  ཁྱིམ་ཚང་མང་པོ་ཞིག་གི་ཞིང་ས་སོགས་ལ་གུན་གསབ་ཀྱི་དངུལ་སྤྲད་མེད་སྐོར་བརྗོད་བྱུང་།

འདི་གར་འབྱོར་བའི་ཡུལ་དངོས་ཀྱི་བརྙན་ཐུང་ནང་གནས་སྤོར་ཡུལ་མི་རྣམས་ལ་དམག་གུར་ལྗང་སེར་ཕུབ་ནས་གུར་རེ་རེའི་སྒང་ལ་རྒྱ་ནག་གི་རྒྱལ་དར་དམར་པོ་རེ་སྒྲེང་འཛུགས་བྱེད་དུ་བཅུག་ཡོད་པ་དང་། ས་གནས་བོད་མི་ཞིག་གིས་ད་ང་ཚོས་རྒྱལ་དར་དམར་པོ་འཕྱར་ནས་བང་བསྒྲིགས་ཏེ་བསྡད་ཡོད་པ་དང་།  ད་ལོར་འགྲིག་སོང་ནའང་ལོ་རྗེས་མར་ག་རེ་ཆགས་ཡོང་བཤད་ཁག་པོ་རེད། ད་དངོས་ནས་དཀའ་ལས་འདུག ཅེས་ཟེར།

ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། འབྲི་ཆུའི་སྨད་རྒྱུད་དུ་རི་ཉིལ་ཆུ་འགག་བྱུང་བ་དེས་ས་གནས་མི་མང་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད་པ་དང་། ད་དུང་དེ་ལས་ཀྱང་ཉེན་ཁ་ཆེ་བ་ནི་རྒྱ་ནག་གཞུང་གིས་ཡུལ་དེར་ཆུ་མཛོད་གློག་ཁང་རྒྱ་ཆེན་པོ་ཞིག་འཛུགས་སྐྲུན་བྱས་ཏེ་འབྲི་ཆུ་བཀག་ཡོད་སྟབས། ཉིན་ཞིག་ཆུ་ཤོར་ནས་ཆུ་ལོག་གི་གནོད་འཚེ་ཆེན་པོ་འབྱུང་ཉེན་ཡོད་པར་བརྟེན། འབྲི་ཆུའི་རྒྱུད་དུ་ཡོད་པ་རྣམས་ཀྱིས་ངེས་པར་དུ་ཡིད་གཟབ་དགོས་པ་དང་། འབྱུང་བའི་གོད་ཆག་མི་འབྱུང་ཆེད་ཚང་མས་མཆོག་གསུམ་ལ་གསོལ་འདེབས་དགོས་པའི་འབོད་སྐུལ་གནང་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༢༩

Leave a Reply