ཕྱི་ལོ་ ༢༠༡༩ ནས་༢༠༢༠ བར་སྨན་བཅོས་ལྟ་སྐྱོང་ནང་ཚོགས་མི་ ༣༠༠༠༠ བརྒལ་ཐུབ་པའི་དམིགས་ཚད་བཟུང་ཡོད།

སྨན་བཅོས་ལྟ་སྐྱོང་ལས་གཞིའི་འགན་འཛིན་མི་འགྱུར་གཡུ་སྒྲོན་ལགས་ཀྱིས་ལས་གཞི་དེ་མགོ་བཙུགས་པ་ནས་བཟུང་གཞུང་རྒྱབ་བརྟེན་དུ་ཡོད་པས་དུས་ཐོག་ཏུ་སྨན་བཅོས་བྱས་ནས་ང་ཚོའི་སྤྱི་ཚོགས་ནང་གི་ན་ཚ་མང་པོར་སྨན་བཅོས་བྱེད་ཐུབ་ཡོད་པ་བརྗོད་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། ཕྱི་ལོ་ ༢༠༡༩ ནས ༢༠༢༠ ཡི་སྨན་བཅོས་ལྟ་སྐྱོང་སྐོར་གོ་རྟོགས་སྤེལ་བ་དང་ཚོགས་མི་ཐོ་འགོད་བྱེད་ཕྱོགས་ཀྱི་ཉིན་གྲངས་ ༣ རིང་གི་ཟབ་སྐྱོང་མགོ་འཛུགས་གནང་སོང་བ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་དྲུང་ཆེ་སྦྲ་གཉིས་ཚེ་རྒྱལ་ལགས། དེ་བཞིན་སྨན་བཅོས་ལྟ་སྐྱོང་ཁྱད་ལས་ལམ་སྟོན་པ་ཝེ་ཀཱ་སི་དྷ་གྷོར་ (Vikas Dagur) ལགས་དང་ཨ་ལོའོ་ཀེ་གྷའུ་ཏཱ་ (Aloke Gupta) ལགས། གཞན། རྒྱ་གར་བཙན་བྱོལ་བོད་མིའི་ས་གནས་ཁག་ ༣༠ ལྷག་གི་སྨན་ཁང་གི་འབྲེལ་ཡོད་དང་ས་གནས་མགོ་འཛིན་སོགས་འཛོམས་འདུག

ངོ་སྤྲོད་གསུང་བཤད་སྐབས་འཕྲོད་བསྟེན་དྲུང་ཆེ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས། དེ་རིང་གི་ཟབ་སྦྱོང་འདི་སྤྲོད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་འབྱུང་འགྱུར་ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ ཡི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེའི་གོམ་པ་གང་འདྲ་སྤོ་དགོས་པ་དང་། མང་ཚོགས་ནང་ལག་ལེན་ཇི་ལྟར་བྱེད་དགོས་པ་སོགས་ལ་དམིགས་ནས་རྣམ་པ་ཚོ་ཆེད་དུ་འདིར་གདན་འདྲེན་ཞུས་པ་རེད། ང་ཚོའི་འཆར་གཞི་ལྟར་ན་ས་གནས་མགོ་འཛིན་དང་མང་ཤོས་སྨན་ཁང་གི་འགན་འཛིན། དེ་བཞིན་དབུས་གཞོན་ནུ་དང་བུད་མེད་གཉིས་ཀྱི་ཚོགས་གཙོ་གདན་འདྲེན་ཞུས་ཡོད་པ་རེད་དེ། དབུས་གཞོན་ནུ་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་གཉིས་ཕེབས་ཐུབ་ཡོད་ས་མ་རེད། ང་ཚོས་ཁོང་གཉིས་གདན་འདྲེན་ཞུས་པའི་རྒྱུ་མཚན་ནི་གཞོན་ནུ་དང་བུད་མེད་ས་གནས་མང་ཆེ་བར་ཡོད་སྟབས། དབུས་ལས་ཁུངས་བརྒྱུད་མང་ཚོགས་ནང་སྨན་བཅོས་ལྟ་སྐྱོང་སྐོར་གོ་རྟོགས་སྤེལ་བ་དང་ལས་གཞི་འདི་ཧ་གོ་བའི་ཆེད་དུ་སྐད་བཏང་བའི་ཁུལ་རེད། ཡིན་ཡང་ཕེབས་ཐུབ་མི་འདུག་པས་ཁྱད་པར་མི་འདུག ཅེས་བརྗོད་སོང་།

དེའི་རྗེས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ནས་ས་གནས་སྨན་བཅོས་ལྟ་སྐྱོང་གི་ཕྱི་ལོ་ ༢༠༡༨ ནས་ ༢༠༡༩ བར་གྱི་ཚོགས་མི་དམིགས་ཚད་ལོན་པའི་གཟེངས་རྟགས་དེ། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་མོན་གྷོ་འདོད་རྒུ་གླིང་དང་། དབུས་ཁུལ་དུ་མེའོ་ཆོས་འཕེལ་གླིང་། བྱང་ཕྱོགས་ཁུལ་དུ་ལྡི་ལི་བསམ་ཡས་གླིང་། བྱང་ཕྱོགས་ས་གནས་ཆུང་ཁག་ནས་ར་ཝང་ལ་ཀུན་འཕེལ་གླིང་དང་ཏི་རྫུ་དར་རྒྱས་གླིང་། ཀྲུ་ཀྲིང་ས་གནས་དང་། ཧི་མ་ཅལ་ས་གནས་ཆུང་ཁག་ནས་ཀུམ་རའོ་དང་བོན་གཞིས་རྡོ་གླིང་རྗེ། ཌལ་ཧོར་ཕུན་ཚོགས་གླིང་བཅས་ལ་གནང་སོང་།འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་ཉེ་བའི་གྲོས་ཚོགས་ནང་སྨན་བཅོས་ལྟ་སྐྱོང་ལས་གཞི་ཡི་དངུལ་དེ་ཁེ་བཟང་གི་ཐོག་ལ་འགྲོ་ཡི་ཡོད་པའི་རྣམ་པ་ཞིག་ཏུ་འགྲོ་ཡི་ཡོད་པའི་དགོངས་ཚུལ་དེ་འདྲ་ཕེབས་ཡོད་པ་དེར་གསལ་བཤད་ཡག་པོ་གནང་ཡོད་ན་ཡང་། སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་འབྲེལ་ཡོད་ཚོས་སྤྱི་ཚོགས་ནང་གོ་རྟོགས་སོགས་སྤེལ་ཡོང་དུས་མང་ཚོགས་ཁྲོད་གོ་བ་ལེན་སྟངས་སོགས་ཀྱིས་ལས་གཞི་འདི་ཁེ་བཟང་གི་ཆེད་ཡིན་པའི་སྐོར་སྐད་ཆ་ཡོང་སྲིད་པ་ཞིག་ཡིན་པས། ཁེ་བཟང་ཟེར་བའི་ལྟ་གྲུབ་དང་བཀའ་མོལ་དེ་བོད་མིའི་སྒྲིག་འཛུགས་ནང་ཡོང་ཐབས་མེད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ཕྱག་ལས་ག་རེ་གནང་པ་ཡིན་ཡང་བདེ་དོན་གཙོ་བོར་བཟུང་ནས་ལས་གཞི་རྩོམ་གྱི་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༨ ནས་ ༢༠༡༩ བར་དུ་ལས་གཞི་འདིར་ཚོགས་མི་ ༢༤༣༠༠ ལྷག་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ནས་༢༠༢༠ བར་ཚོགས་མི་ ༣༠༠༠༠ བརྒལ་ཐུབ་པའི་དམིགས་ཚད་ཀྱིས་དབུས་དང་ས་གནས་གཉི་གས་འབད་བརྩོན་གནང་དགོས་པ། དེ་བཞིན་ལས་གཞི་དེའི་ནང་ཉམ་ཐག་ཡོད་པ་དང་རིགས་ཅིག་གིས་ཉམ་ཐག་ཡིན་ལབ་ནས་འགྲོ་སོང་སྒོར་འབུམ་ ༡ གིས་དྲག་སྐྱེད་ཐུབ་པར་སྨན་ཁང་ཆེན་པོ་དེ་འདྲར་སོང་ནས་སྒོར་འབུམ་ ༤ ལྷག་གཏོང་གི་ཡོད་པ་དེས་ཉམ་ཐག་གཞན་པ་རྣམས་ཀྱི་སྨན་བཅོས་ཀྱི་རོགས་དངུལ་ནས་འཐེན་བཞིན་ཡོད་སྟབས། མི་མང་ནང་སྤྱི་ཡོངས་ལ་ཕན་པའི་བསམ་བློ་གཏོང་དགོས་པའི་གོ་སྐོན་སློབ་གསོ་ཡང་ནས་ཡང་དུ་གཏོང་རྒྱུ་གལ་ཆེན་ཡིན་པ། ནད་རིགས་སྔོན་འགོག་ཐད་ཤུགས་རྒྱག་དགོས་པ་དང་བོད་མིའི་འཕྲོད་བསྟེན་གྱི་གནས་བབ་འཛམ་གླིང་གང་དུ་བསྡུར་བ་ཡིན་ཡང་བཟང་ཕྱོགས་ཀྱི་གནས་སྟངས་ཤིག་བཟོས་ཏེ། ང་ཚོ་བོད་མིའི་རེ་འདོད་སྒྲུབ་ཐུབ་རྒྱུ་དང་། ལྷག་པ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་བརྟན་པ་དང་ཁོང་གི་ཐུགས་དགོངས་སྒྲུབ་ཐུབ་དགོས་སྐོར་སོགས་གསུངས་སོང་།

གསར་འགོད་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལས་གཞི་འདི་ཇི་ཙམ་གལ་ཆེན་ཡིན་སྐོར་དྲིས་པར་སྨན་བཅོས་ལྟ་སྐྱོང་གི་འགན་འཛིན་མི་འགྱུར་གཡུ་སྒྲོན་ལགས་ཀྱིས། ང་ཚོའི་སྤྱི་ཚོགས་ནང་ཧ་ཅང་གལ་ཆེན་རེད། ལས་གཞི་དང་པོ་མགོ་འཛུགས་སྐབས་ཀྱི་ན་ཚ་དང་ད་ལྟའི་བར་གྱི་ན་ཚ་ལ་ཁྱད་པར་ཆེན་པོ་བྱུང་ཡོད་པ་རེད། དཔེར་ན་དང་པོར་ང་ཚོའི་སྤྱི་ཚོགས་ནང་སྐྲན་ནད་ཅན་མང་པོ་ཡོད་པ་རེད་ལ། སྔོན་ཆད་དཔལ་འབྱོར་གྱི་ཆ་རྐྱེན་ཞན་མཁན་མང་པོ་ཡོད་སྟབས། ན་ཚ་བྱུང་ཡང་ཟུག་འཇགས་ཀྱི་སྨན་ཟོས་ནས་ཡུན་རིང་བསྡད་མཐར་སྐྲན་ནད་དུ་འགྱུར་བ་དང་འདས་གྲོངས་སུ་ཕྱིན་པ་མང་པོ་ཡོད་པ་རེད། ལས་གཞི་འདི་མགོ་བཙུགས་པ་ནས་བཟུང་སོ་སོས་འགྲོ་སོང་ཏོག་ཙམ་བཏང་བ་ཡིན་ན་གཞུང་རྒྱབ་བརྟེན་དུ་ཡོད་སྟབས་དངུལ་གྱི་སེམས་ཁྲལ་ཉུང་དུ་ཕྱིན་ཏེ་དུས་ཐོག་ཏུ་སྨན་བཅོས་བྱས་ནས་ང་ཚོའི་སྤྱི་ཚོགས་ནང་གི་ན་ཚ་མང་པོར་སྨན་བཅོས་བྱེད་ཐུབ་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༢༩

Leave a Reply

One thought on “ཕྱི་ལོ་ ༢༠༡༩ ནས་༢༠༢༠ བར་སྨན་བཅོས་ལྟ་སྐྱོང་ནང་ཚོགས་མི་ ༣༠༠༠༠ བརྒལ་ཐུབ་པའི་དམིགས་ཚད་བཟུང་ཡོད།

  1. རེད་རེད། སྨན་བཅོས་ལྟ་སྐྱོང་གི་འགན་འཛིན་མི་འགྱུར་གཡུ་སྒྲོན་ལགས་ཀྱིས་བཤད་པ་དེ་འདྲ་ཞིག་ཡིན་རྒྱུ་རེད། ཡིན་ནའང་ནད་པ་བདག་མེད་དེ་འདྲ་ལ་བརྒྱུད་རིམ་ཞེས་པ་ཞིག་ལ་ཁ་གཡར་ནས་ལྟ་སྐྱོང་མ་ཐུབ་པར་ཤི་སོང་བ་དེ་འདྲ་ཡོད་པ་རེད་མ་གཏོགས་ཡག་པོ་རེད།