བོད་ནང་མཁའ་ལམ་གསར་པ་ ༦ ཕྱེས་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་བོད་ནང་ཡུལ་སྐོར་བའི་གྲངས་འབོར་ས་ཡ་ ༣༠ བརྒལ་ཐུབ་པའི་དམིགས་ཚད་བཟུང་སྟེ་བོད་དང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་བར་འགྲོ་འོང་གི་འབྲེལ་བ་རྒྱ་སྐྱེད་གཏོང་ཆེད་བོད་ནང་མཁའ་ལམ་གསར་པ་ ༦ ཕྱེས་འདུགདེ་རིང་ཞོགས་པར་རྒྱ་ནག་མི་དམངས་དྲ་བ་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། བོད་ལྗོངས་མཁའ་འགྲུལ་ཁང་གིས་བོད་དང་རྒྱ་ནག་ནང་གི་གྲོང་འཁྱེར་ཆེན་པོ་ཁག་ཅིག་བར་འགྲོ་འོང་འབྲེལ་མཐུད་ཆེད། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ནས་བཟུང་ལྷ་ས་ནས་ཀུའེ་ཡང་བརྒྱུད་ཧྲེང་ཡང་བར་དང་། ལྷ་ས་ནས་ཟི་ལིང་བརྒྱུད་ཧའར་པིན། ཁྲེན་ཏུའུ་ནས་ཡུན་ནན་བདེ་ཆེན་བརྒྱུད་ལྷ་ས། ཉིང་ཁྲི་ནས་ཁྲུང་ཆིང་བརྒྱུད་ཧྲི་ཅ་ཀྲོང་། ཤིས་ཨན་ནས་ལན་ཀྲོའུ་བརྒྱུད་ཉིང་ཁྲི། ཤིས་ཨན་ནས་ཆབ་མདོ་བར་བཅས་འགྲོ་འོང་གི་མཁའ་ལམ་གསར་པ་ ༦ སྒོ་ཕྱེས་ཡོད་འདུག

ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ནང་ལྷ་སའི་གོང་དཀར་གནམ་ཐང་དང་། ཉིང་ཁྲི་སྨན་གླིང་གནམ་ཐང་། ཆབ་མདོ་སྤང་མདའ་གནམ་ཐང་། གཞིས་ཀ་རྩེ་ཞི་བདེ་གནམ་ཐང་། མངའ་རིས་དགུན་ས་གནམ་ཐང་བཅས་ལྔ་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་ནང་གཏེར་ལེན་ཁ་གནམ་ཐང་དང་། ན་གོར་མོའི་གནམ་ཐང་། མགོ་ལོག་རྨ་ཆེན་གནམ་ཐང་། ཟི་ལིང་རྒྱལ་སྤྱིའི་གནམ་ཐང་། སྐྱེ་རྒུ་མདོ་དཔལ་ཐང་གནམ་ཐང་བཅས་ལྔ། ཀན་སུའུ་ཞིང་ཆེན་དུ་ཀན་ལྷོ་ཁུལ་གྱི་གནམ་ཐང་དང་། སི་ཁྲོན་ཞིང་ཆེན་ནང་རྐ་ཁོག་གནམ་ཐང་དང་། འདབ་པ་རྫོང་ཉིན་སྟེང་གནམ་ཐང་། གཟི་རྩེ་སྡེ་དགུ་གནམ་ཐང་། དར་རྩེ་མདོ་གནམ་ཐང་བཅས་བཞི་ཡོད་པ་དང་། ཡུན་ནན་ཞིང་ཆེན་ནང་བདེ་ཆེན་ཤམ་བྷ་ལ་གནམ་ཐང་བཅས་བོད་ཁུལ་དུ་ཁྱོན་གནམ་ཐང་ཆེ་ཆུང་ ༡༥ ལྷག་བརྒྱབས་ཟིན་ཡོད་པ་དང་། དཀར་མཛེས་རྫོང་དུ་དཀར་མཛེས་གེ་སར་གནམ་ཐང་དང་། ནག་ཆུ་རྫོང་དུ་ནག་ཆུ་གནམ་ཐང་འཛུགས་བསྐྲུན་བྱེད་བཞིན་པའི་སྒང་ཡིན་འདུག

གཞན་ཡང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཁོངས་སུ་གནམ་ཐང་རྒྱག་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་བཞིན། འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས། རྒྱ་ནག་གཞུང་གིས་ཡུལ་སྐོར་བའི་དང་བ་འདྲེན་པ་དང་དཔལ་འབྱོར་ཡར་རྒྱས་ཆེད་ཕྱི་ལོ་ ༢༠༡༩ ལོར་བོད་རང་སྐྱོང་ལྗོངས་ཀྱི་གཞིས་ཀ་རྩེ་དང་ལྷོ་ཁ། དེ་བཞིན་མངའ་རིས་བཅས་སུ་གནམ་ཐང་གསུམ་གསར་དུ་རྒྱག་པའི་ལས་གཞི་མགོ་འཛུགས་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༠/༣༠

Leave a Reply

2 thoughts on “བོད་ནང་མཁའ་ལམ་གསར་པ་ ༦ ཕྱེས་འདུག

  1. རྒྱ་དཀར་ནག་གཉིས་་་ བོད་ས་ཐོག་ལ་་ ལྕགས་ལམ་དང་། གནམ་ཐང་མང་པོ་བཟོ་དགོས་དོན་ཅི་ 🤔 མ་འོང་པར་་་ བོད་དེ་ 🐎 ཡང་ན་ 🦓 ☠️ ❗️❗️❗️❓