ཡར་ཀླུང་གཙང་པོར་སླར་ཡང་རི་ཉུལ་བྱུང་།

བོད་ཉིང་ཁྲི་རྒྱ་ལ་གྲོང་ཚོར་ཐག་ཉེ་བའི་ཡར་ཀླུང་གཙང་པོའི་ཆུ་འཁྱིལ་མཚེའུའི་འགྲམ་དུ་ཡང་བསྐྱར་རི་ཉིལ་བྱུང་སྟེ་ཆུ་རྒྱུད་ཀྱི་མི་མང་རྣམས་ཛ་དྲག་ངང་གནས་སྤོར་བཞིན་ཡོད་འདུགཁ་སང་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠།༡༡ སྟེང་། བོད་ལྗོངས་ཉིང་ཁྲི་རྒྱ་ལ་གྲོང་ཚོ་དང་བར་ཐག་སྤྱི་ལེ་གསུམ་བཞི་ཙམ་ཡོད་པའི་ཡར་ཀླུང་གཙང་པོའི་རི་ཉིལ་ཆུ་འཁྱིལ་མཚེའུ་ཡི་འགྲམ་དུ་ཡང་བསྐྱར་རི་ཉིལ་བྱུང་སྟེ། རྒྱ་ལ་གྲོང་ཚོར་འགྲོ་སའི་གཞུང་ལམ་ཆུས་བསྣུབས་པ་དང་། ཆུའི་འཁྱིལ་ཚད་མཐོ་རུ་ཕྱིན་ནས་ཆུ་ལོག་གི་ཉེན་ཁ་ཆེ་སྟབས། ཡར་ཀླུང་གཙང་པོའི་ཆུ་རྒྱུད་ཀྱི་ས་གནས་མི་མང་ཛ་དྲག་ངང་གནས་སྤོར་གྱི་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་སྤེལ་བའི་གནས་ཚུལ་ནང་། རི་ཉིལ་བྱུང་རྗེས་བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་ནས་དུས་ཐོག་ཏུ་ཉེན་ཁའི་གནོད་འཚེ་ཕོག་ཚད་ལ་དབྱེ་ཞིབ་བྱས་ཏེ། ཉེན་ཁའི་གནས་སུ་ལྷུང་ཉེན་ཆེ་བའི་མི་རྣམས་བདེ་འཇགས་ཀྱི་གནས་སུ་སྐྱེལ་དགོས་པར་འགན་ལེན་དང་། ཆུ་ཁམས་ཞིབ་བསྡུར་གྱིས་ཚད་ལེན་ནུས་པ་ཤུགས་ཆེན་བྱས་ནས་ཡར་ཀླུང་གཙང་པོའི་སྟོད་དང་སྨད་གཉིས་ནས་ཆུས་བསྣུབས་པ་དང་བསྣུབ་ཉེན་ཆེ་བའི་ས་ཁུལ་ལ་དོགས་ཟོན་ནན་མོ་བྱས་ཏེ།  གནོད་འཚེ་ཕོག་ཡུལ་གྱི་མང་ཚོགས་བློ་བདེ་སེམས་སྐྱིད་ངང་དགུན་དུས་བསྐྱལ་བར་འགན་ལེན་དགོས་སྐོར་བསྒྲགས་འདུག

ཡང་གནས་ཚུལ་དེའི་ནང་། ད་ལྟའི་ཆར་རི་ཉིལ་བྱུང་ཡུལ་གྱི་མི་ལ་རྨས་སྐྱོན་བྱུང་བའི་གནས་ཚུལ་ཐོན་མེད་ཀྱང་། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དང་མེ་ཏོག་རྫོང་དུ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་བཞིན་ཡོད་ལ། བང་རིམ་བཞིན་ཡར་ཀླུང་གཙང་པོའི་སྟོད་སྨད་རྒྱུད་ཀྱི་ས་ཁུལ་ཡོངས་ཀྱི་མི་རྣམས་བདེ་འཇགས་ཁུལ་དུ་གནས་སྤོར་བྱེད་པར་ལྷ་ས་ནས་བོད་སྡོད་དམག་དཔུང་རུ་ཁག་བཏང་སྟེ་གྲ་སྒྲིག་བྱེད་བཞིན་ཡོད། ཅེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གི་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་འགན་འཛིན་ཡའོ་ཐན་ཏུང་ཟེར་བ་ཞིག་གིས། ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་སྟོད་རྒྱུད་དུ་འཁྱགས་རོམ་ ༡༦ ཡོད་པ་དང་། ད་ལན་གྱི་འཁྱིལ་མཚོའི་ཉེན་ཁ་ནི་འཁྱགས་རོམ་གཉིས་འཁྱགས་རུད་བརྒྱབས་པ་ལས་བྱུང་བ་རེད། ཅེས་དང་། རི་ཉིལ་བྱུང་སྟེ་ཡར་ཀླུང་གཙང་པོའི་ཆུ་རྒྱུན་འགག་པའི་རྒྱུ་རྐྱེན་གཙོ་བོ་ནི། གོ་ལ་ཧྲིལ་བོའི་གནམ་གཤིས་ཚ་དྲོད་ཆེ་རུ་ཕྱིན་པ་དང་བསྟུན། བོད་མཐོ་སྒང་གི་ཚ་དྲོད་ཡང་ཇེ་ཆེ་དང་ཇེ་བརླན་དུ་འགྱུར་འགྲོ་ཡི་ཡོད་སྟབས། མ་འོངས་པར་ཉེན་ཁ་ཆེ་བ་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༠/༣༠

Leave a Reply

One thought on “ཡར་ཀླུང་གཙང་པོར་སླར་ཡང་རི་ཉུལ་བྱུང་།

  1. སྔ་མོ་ ༥༩ གོང་ ཡར་ཀླུང་གཙང་པོར་ རི་ཉུལ་བྱུང་མེད། བྲི་ཆུ་ཡང་རི་ཉུལ་བྱུང་མེད། ད་ རྒྱ་གུང་ཁྲན་ དྲིན་ཅན་ཕ་མའི་ ཡར་གཙང་པོ་ལུག བྲི་ཆུ་ལུག ཨོ་ ཧོ། མ་འོང་པར་ གུང་ཁྲན་གླན་ལྐུག་ཚོའི་ བོད་དེ་་་ 🌋 😟 😔 ཀྱེ་མ།