རྒྱ་རི་རིན་པོ་ཆེའི་མཁྱེན་དཔྱོད་ཀྱིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ལ་ཐུགས་ཕན་གསོས་ཡོད།

སྨིན་གྲོལ་གླིང་དང་རྒྱ་རི་ཚང་བར་ཆོས་དང་འཇིག་རྟེན་གཉིས་ཀྱི་འབྲེལ་བ་ཆེན་པོ་ཡོད་པ་ལྟར་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱ་རི་རིན་པོ་ཆེའི་སྐུ་ཕུང་རྒྱ་གར་ལྡེ་ར་ལྡུན་སྨིན་གྲོལ་གླིང་དུ་བཞུགས་འབུལ་གནང་རྒྱུ་ཡིན་འདུག སྐུ་ཕུང་གདན་ཞུའི་སྐོར་ལ་ལྡེ་ར་ལྡུན་སྨིན་གྲོལ་གླིང་གི་དྲུང་ཆེ་བསྟན་སྐྱབས་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་རིང་ཨ་རི་ནས་མཁོ་ཁྱིམ་རིན་པོ་རིན་པོ་ཆེ་མཆོག་ཚུར་ཐོན་ཡོང་གི་ཡོད་པ་དང་། རྒྱ་རི་རིན་པོ་ཆེའི་སྐུ་ཕུང་ཕལ་ཆེར་ཟླ་འདིའི་ཕྱི་ཚེས་ ༥ ཉིན་གྱི་ཞོགས་པར་ཨ་རི་ནས་སྨིན་གྲོལ་གླིང་ལ་འབྱོར་ཀྱི་ཡོད་པ་དང་། དགོངས་རྫོགས་ཀྱི་མཆོད་འབུལ་སོགས་ཡོངས་རྫོགས་སྨིན་གློལ་གླིང་དུ་གནང་རྒྱུ་ཡིན་པ་རེད། རྒྱ་རི་རིན་པོ་ཆེ་མཆོག་གི་སྲས་སྤྲུལ་སྐུ་པདྨ་རྣམ་རྒྱལ་ཡང་སྨིན་གྲོལ་གླིང་གི་སྤྲུལ་སྐུ་ཡིན་པ་དང་འདིར་བཞུགས་ཡོད་པ་རེད། ཅེས་གསུངས་བྱུང་།

རྒྱ་རི་རིན་པོ་ཆེ་དམ་པ་ཁོང་སྨིན་གྲོལ་གླིང་ལ་འབྲེལ་བ་ག་རེ་ཡོད་དྲིས་པར་ཁོང་གིས། རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་སྤྲུལ་སྐུ་ཨ་བསྟན་གྱི་ཡང་སྲིད་ཡིན་པ་དང་། སྤྲུལ་སྐུ་ཨ་བསྟན་ནི་གཏེར་སྟོན་རང་རིག་རྡོ་རྗེའི་ཚ་བོ་ཡིན་པ་དང་། གཏེར་སྟོན་རང་རིག་རྡོ་རྗེ་ནི་རྒྱ་རི་ཨ་མ་གཉིས་ཀྱི་ཨ་ཁུ་ཡང་ཡིན། བོད་ཉག་རོང་ན་ཡོད་པའི་རྒྱ་རི་ཚང་གི་ཀླུ་མོ་ར་དགོན་པ་ཐོག་མར་ཕྱག་འདེབས་མཁན་ཡང་གཏེར་སྟོན་རང་རིག་རྡོ་རྗེ་རེད། རྒྱབ་ལྗོངས་ཀྱི་ལོ་རྒྱུས་ལ་ཅུང་ཞིབ་ཚགས་པོར་བལྟས་ན། སྨིན་གྲོལ་གླིང་གི་ཁྲི་རབས་ ༩ པ་འགྱུར་མེད་བདེ་ཆེན་མཆོག་གྲུབ་ལ་སྲས་མོ་མ་གཏོགས་སྲས་མ་བྱུང་སྟབས། ལུང་ཟིན་ལྟར་ཆོས་རྒྱལ་གཏེར་བདག་གླིང་པའི་རྣམ་སྤྲུལ་དེ་ཁམས་ཉག་རོང་གི་གཏེར་སྟོན་རང་རིག་རྡོ་རྗེའི་སྲས་པདྨ་དབང་ཆེན་མཆོག་ཡིན་པས། ཁོང་ཉིད་སྨིན་གྲོལ་གླིང་གི་རྗེ་བཙུན་མ་བདེ་ལྡན་སྒྲོལ་མ་ཐབས་གྲོགས་སུ་བཞེས་ནས་སྨིན་གྲོལ་གླིང་གི་གདུང་རིགས་གསོས་མཛད། པདྨ་དབང་ཆེན་གྱིས་ཁྲི་ཚབ་གནངས་ཏེ། རྗེ་བཙུན་མ་བདེ་ལྡན་སྒྲོལ་མ་དང་ལྷན་སྲས་འགྱུར་མེད་དོན་གྲུབ་དབང་རྒྱལ་འཁྲུངས་ནས་ཁྲི་རབས་ ༡༠ པ་གནང་བ་རེད། དེའི་ཕྱིར་ཆོས་དང་འཇིག་རྟེན་གཉིས་ཀྱི་སྒོ་ནས་རྒྱ་རི་ཚང་དང་སྨིན་གྲོལ་གླིང་བར་འབྲེལ་བ་ཆེན་པོ་ཡོད་པ་རེད། ཀླུ་མོ་ར་དགོན་ནི་སྨིན་གྲོལ་གླིང་གི་དགོན་པ་རེད། ཀླུ་མོ་ར་དགོན་པ་འཛིན་སྐྱོང་གནང་མཁན་ཡང་ངེས་པར་དུ་རྒྱ་རི་ཚང་གི་བུ་གཅིག་འགྲོ་དགོས་རེད། ཅེས་གསུངས་བྱུང་།

ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་ཨ་རིའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་དང་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པི་ལོ་སི་མཆོག་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་བའི་ནང་། རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་ཁོང་ནི་ཆོས་ལུགས་ཀྱི་དབུ་འཁྲིད་དང་ཕྱི་འབྲེལ་མི་སྣ། འཛིན་སྐྱོང་བ་ཞིག་ཡིན་པ་དང་། ལྷག་པར་དུ་ཁོང་ནི་དགེ་རྒན་ཞིག་ཡིན། ཁོང་གིས་ཕྱི་འབྲེལ་སྲིད་བྱུས་བརྒྱུད་ཇི་ལྟར་བསམ་ཤེས་བྱེད་ཐབས་དང་ཞི་བདེ་སྐྲུན་ཐབས། རྒྱལ་ཁབ་བར་དང་མིའི་བར་གཅིག་ལ་གཅིག་བརྟེན་གྱི་ཆོས་ཉིད་ཤེས་སུ་བཅུག་ཡོད་སྐོར་དང་། ཁོང་སྐུ་གྲོངས་པ་དེ་ནི་འཛམ་གླིང་གིས་བོད་དོན་འཐབ་རྩོད་པ་ཁྱད་པར་བ་ཞིག་བརླགས་སོང་བ་རེད། རྒྱ་ནག་གཞུང་གིས་བོད་མི་རྣམས་བཙན་བྱོལ་དུ་གྱར་བཅུག་རྗེས་རྒྱ་རི་རིན་པོ་ཆེས་མ་འོངས་བོད་ཀྱི་མདུན་ལམ་ཆེད་སྐུ་ལས་ཚད་མེད་བསྐྱོན་ཡོད་ལ། ཁོང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དམིགས་བསལ་སྐུ་ཚབ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གནང་བའི་རིང་ཨ་རི་གཙོ་བོར་གྱུར་བའི་འཛམ་གླིང་སྤྱི་ཡོངས་ནས་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཐུབ་པ་བྱུང་ཡོད་པ་དང་། རིན་པོ་ཆེ་མཆོག་གི་མཁྱེན་དཔྱོད་ཀྱིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ལ་ཐུགས་ཕན་གསོས་ཡོད་སྐོར་གསུངས་འདུགཡང་ལྕམ་སྐུ་མཆོག་གིས་རིན་པོ་ཆེའི་ཐུགས་རེ་ཉག་ཅིག་ནི་ང་ཚོས་མུ་མཐུད་བོད་དོན་ལས་འགུལ་སྤེལ་བ་དང་ཞུ་གཏུག་བྱ་རྒྱུ་དེ་ཡིན་སྟབས། བོད་ཀྱི་གྲོགས་པོ་ཞིག་ཡིན་པའི་ཆ་ནས་ང་ཚོས་བོད་མི་ཚོ་དང་རྡོག་རྩ་ཆིག་སྒྲིལ་གྱིས་ཁོང་ཚོས་སོ་སོའི་སྐད་ཡིག་གི་ཐོག་ནས་བུ་ཕྲུག་ཚོར་རང་གི་ཆོས་དང་རིག་གཞུང་སློབ་པའི་རང་དབང་འཐབ་རྩོད་ལས་རྒྱལ་བར་རྒྱབ་སྐྱོར་བྱེད་དགོས་སྐོར་གསུངས་འདུག

རྒྱ་རི་རིན་པོ་ཆེ་དམ་པ་ཁོང་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་གནང་མཁན་གཙོ་བོའི་གྲས་ཤིག་ཀྱང་ཡིན་སྟབས། ཁ་སང་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་རྒྱ་རི་རིན་པོ་ཆེའི་ནང་མི་བུ་ཕྲུག་དང་བཅས་པར་གསུང་སེམས་མཉམ་སྐྱེད་ཞུས་པའི་ཡོངས་ཁྱབ་གསལ་བསྒྲགས་ནང་། རིན་པོ་ཆེ་དམ་པ་དེ་ཉིད་མི་ཚེ་ཧྲིལ་པོར་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་ཕྱག་ལས་གནང་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པས། ད་ལན་དམ་པ་དེ་ཉིད་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་སྣང་ཚུལ་བྱུང་བར་འདི་ག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་རྒྱུན་ལས་ཁང་གིས། གཞོན་ལྷན་དབུས་སའི་རྒྱུན་ལས་དང་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁོང་གིས་བོད་རྒྱལ་ཁབ་དང་བོད་མི་མང་ལ་བཅངས་བའི་ལྷག་བསམ་དང་མཛད་རྗེས་ལ་བསྔགས་བརྗོད་ཀྱིས་གུས་འདུད་དང་། ཁོང་གི་ནང་མི་བུ་ཕྲུག་དང་བཅས་པར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག་ལ། ཨ་རིའི་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འདས་མཆོད་སྨོན་ལམ་ཡང་ཚོགས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༡/༠༡

Leave a Reply