རྒྱ་རིགས་ཚན་རིག་པ་ལྷན་དུ་ཚན་རིག་བགྲོ་གླེང་ཐེངས་དང་པོ་དབུ་འཛུཊ་གནང་།

༧གོང་ས་མཆོག་གིས་ཚན་རིག་པ་དང་བགྲོ་གླེང་བྱེད་དགོས་པའི་གཞི་རྩའི་དམིགས་ཡུལ་ནི་ང་རང་ཚོའི་ཤེས་བྱ་རྒྱ་སྐྱེད་གཏོང་རྒྱུ་དང་ཕྱི་དངོས་པོའི་ཤེས་བྱ་ཙམ་མ་ཡིན་པར་ནང་ཤེས་པའི་ཐོག་དོ་སྣང་སྔར་ལྷག་ཡོང་རྒྱུ་དེ་རེད་ཅེས་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་། བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཐའེ་ཝན་ནས་ཕེབས་པའི་རྒྱ་རིགས་ཚན་རིག་པའི་བར་ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ཉིན་ ༣ རིང་གི་བགྲོ་གླེང་དབུ་འཛུགས་གནང་སོང་བ་དང་། ཐེངས་འདིའི་བགྲོ་གླེང་དབུ་འཛུགས་ཐོག་ཐའེ་ཝན་ནས་ཕེབས་པའི་ཚན་རིག་པ་དང་བོད་ཀྱི་དགོན་སྡེ་ཁག་གི་དགེ་བཤེས་མཁན་པོ་ཁག་ཅིག་གི་གཙོའི་དྷ་ས་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་སོགས་མི་གྲངས་ ༢༠༠ ཙམ་ཞིག་འཛོམས་འདུག

བགྲོ་གླེང་གི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེ་ཕལ་ཆེར་རྒྱ་ནག་གི་ཚན་རིག་པ་ཚོ་དང་ལྷན་དུ་ཚན་རིག་ཐོག་བགྲོ་གླེང་ཚོགས་པ་ཐོག་མ་དེ་ཆགས་ཡོད་པ་དང་། བགྲོ་གླེང་འདི་ལྟ་བུ་ནུབ་ཕྱོགས་རྒྱལ་ཁབ་ཨ་རི་དང་ཡུ་རོབ།  དེ་བཞིན་མཚམས་རེར་རྒྱ་གར་གྱི་ཚན་རིག་པ་ཚོ་མཉམ་དུ་ཚོགས་མགོ་ཚུགས་ནས་ལོ་ངོ་ ༣༠ ལྷག་བཞིན་ཡོད་པ་རེད། དེར་བརྟེན་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེ་རྒྱ་རིགས་ཀྱི་སྤྱི་ཚོགས་ནས་ཕེབས་པའི་ཚན་རིག་པ་ཚོ་དང་ཚོགས་འདུ་ཐེངས་དང་པོ་དེ་ཆགས་ཡོད་དུས། དང་པོ་དེར་ངས་བགྲོ་གླེང་འདི་ལྟ་བུ་ཞིག་ཚོགས་དགོས་པའི་གཞི་རྩའི་དམིགས་ཡུལ་གང་ཡིན་འགྲེལ་བརྗོད་ཅིག་བྱས་ན་འདོད་བྱུང་། དམིགས་ཡུལ་དང་པོ་དེ་ཧ་ཅང་ལས་སླ་བོ་རེད། ང་རང་ཚོའི་ཤེས་བྱ་རྒྱ་སྐྱེད་གཏོང་རྒྱུ་དང་དམིགས་བསལ་ཚན་རིག་པ་ཚོའི་ཉམས་ཞིབ་བྱས་པའི་ཤེས་པ་དང་། དཔེར་ན་དུས་རབས་ ༢༠ པའི་མཇུག་ཏུ་མང་ཆེ་བས་ཕྱི་དངོས་པོའི་སྟེང་ལ་དོ་སྣང་བྱས་པ་མ་གཏོགས་ནང་གི་ཤེས་པ་ལ་དོ་སྣང་བྱས་མི་འདུག ངས་ཤེས་པ་ཞེས་ཕར་འགྲེལ་བཤད་སྐྱོན་དུས་ཁ་ཤས་ཀྱིས་ཀླད་པ་རང་གཟུགས་ཅན་དངོས་པོ་རེད་མ་གཏོགས་ཤེས་པ་ཡོད་པ་མ་རེད་ཅེས་ཁས་ལན་བྱེད་ཀྱི་མི་འདུག དེང་སང་ཚན་རིག་པ་ཚོས་ཕྱི་དངོས་པོ་ཁོ་ནར་ཉམས་ཞིབ་བྱས་པ་དེས་ཏག་ཏག་འདང་གི་མི་འདུག་ཅེས་བརྗོད་ཀྱི་འདུག ལྷག་པར་བདེ་སྡུག་གི་ཚོར་བ་ཁོང་ཁྲོ་དང་སྙིང་རྗེ་ལྟ་བུ་སོགས་ཀླད་པའི་བྱེད་ལས་ཙམ་མ་ཡིན་པར་ཤེས་པའི་བྱེད་ལས་ལ་རག་ལས་ཡོད་པ་རེད་བརྗོད་དུས། དུས་རབས་ ༢༠ པའི་མཇུག་ཏུ་དམིགས་བསལ་ཀླད་པའི་ཚན་རིག་ཆེད་ལས་པ་ཚོས་དེ་མི་འདྲ་བ་ཞིག་འདུག་ཅེས་ང་ལ་བརྗོད་ཡོང་གི་འདུག ང་ཚོའི་ཀླད་པ་ཡར་རྒྱས་གཏོང་བར་སྒོམ་བརྒྱབ་ནས་སྦྱོང་བརྡར་བྱས་པ་ཡིན་ན་མི་ཁ་ཤས་ལ་ཀླད་པ་དེ་རྩེ་གཅིག་ཏུ་ཏང་ངེ་འཛིན་ལ་འདུག་ཐུབ་པའི་ནུས་པ་ཡོད་པ་དང་། སྒོམ་བརྒྱབ་ཡོང་དུས་ཀླད་པ་ལ་འགྱུར་ལྡོག་འགྲོ་ཡི་ཡོད་པ་ཚན་རིག་པ་ཚོས་ངེས་པ་རྙེད་ཡོང་གི་འདུག ཚན་རིག་པ་ཁ་ཤས་དེ་ལ་ངེས་པ་ཡོང་གི་ཡོད་པ་དང་ཚན་རིག་ཁག་ཅིག་གིས་དེ་ལ་ཉམས་ཞིབ་བྱེད་རྒྱུ་ཡང་མགོ་བཙུགས་ཚར་བ་རེད། དཔེར་ན་ཨ་རིའི་ཀླད་པའི་དབང་རྩའི་ཚན་རིག་ཆེད་ལས་པ་ཞིག་ཡོད་པ་རེད། ཁོང་གིས་སེམས་ཕྲ་མོ་ཡོད་པའི་རྟགས་མཚན་ཡོང་གི་འདུག་ཅེས་བརྗོད་ཡོང་གི དཔེར་ན་ཀླད་པ་ཤི་ནས་བེད་མེད་དུ་གྱུར་བ་དང་སྙིང་གི་བྱེད་ལས་དེ་མེད་པ་ཆགས་ན་ཡང་ལུས་པོ་དེ་དྲོད་མ་ཉམས་པར་འདུག་གི་ཡོད་པ་དང་། ང་རང་གི་དགེ་རྒན་ལ་མཚོན་ན་སྨན་ཁང་གི་ངོས་ནས་འདས་གྲོངས་སུ་ཕྱིན་ཡོད་སྐོར་བརྗོད་ན་ཡང་ཁོང་གི་ལུས་པོ་དེ་གསོན་པོ་རང་བྱས་ཏེ་ཉིན་ ༡༣ རིང་དྲི་མ་ཙམ་ཡང་མེད་པར་བསྡད་ཡོད་པ་རེད། དེ་འདྲ་དཔེ་མང་པོ་ཡོང་གི་ཡོད་པ་རེད་ལ་ཁ་ཤས་ཉིན་༣ དང་ཁ་ཤས་བདུན་ཕྲག་གཅིག་ལྷག་ལ་འདུག་གི་ཡོད་པ་རེད། ནང་པའི་ལྟ་གྲུབ་ཐོག་ནས་ཞུས་པ་ཡིན་ན་དེ་ལ་འགྲེལ་བཤད་ཡོད་པ་རེད། ཡིན་ན་ཡང་ཚན་རིག་པ་ཚོར་དེའི་ཐོག་ད་སྔ་འགྲེལ་བཤད་མེད་པ་དང་། ཨ་རིའི་སློབ་དཔོན་ཆེན་མོ་ཞིག་གིས་ཤི་བའི་རྗེས་སུ་ལུས་དྲོད་མ་ཉམས་པར་གསོན་པོར་བཞུགས་པ་དེའི་སྐོར་ལ་ཆེད་དུ་ལས་འཆར་གྱི་ངོ་བོའི་ཐོག་ནས་ཉམས་ཞིབ་བྱེད་ཡོང་གི་ཡོད་པ་རེད། བྱས་ཙང་ང་ཚོ་འདི་ལྟ་བུ་འཛོམས་དགོས་པའི་དམིགས་ཡུལ་གཙོ་བོ་དེ་དག་ཆེད་དུ་ཡིན་པ་རེད། ཚན་རིག་པ་ཚོས་ཉམས་ཞིབ་བྱས་པའི་གྲུབ་དོན་དེ་དག་རྒྱ་སྐྱེད་དང་ཕྱི་དངོས་པོ་ཙམ་མ་ཡིན་པར་ང་རང་ཚོའི་ནང་ཤེས་པའི་ཐོག་ལ་ཉམས་ཞིབ་བྱས་པ་ཡིན་ན་ཕྱེད་ཀ་ཙམ་མ་ཡིན་པར་མ་འདང་བ་མེད་པར་ཆ་ཚང་བ་ཞིག་ཆགས་འགྲོ་ཡི་རེད། ཅེས་གསུངས་སོང་།

ཡང་ཚན་རིག་བགྲོ་གླེང་ཚོགས་དགོས་པའི་དམིགས་ཡུལ་གཉིས་པའི་སྐོར་ལ་ཁོང་གིས། དམིགས་ཡུལ་གཉིས་པ་དེ་ཚན་རིག་གི་ཉམས་ཞིབ་ཁྲོད་ནས་འཕྲུལ་ལས་རིགས་ཧ་ལས་པ་ཡར་རྒྱས་འགྲོ་ཡོད་པ་རེད་ལ། དེ་དག་གིས་མིའི་སྤྱི་ཚོགས་ལ་ཚད་མཐོ་བོའི་ཕན་ཐོགས་བྱུང་གི་ཡོད་ན་ཡང་། ཚན་རིག་གི་ཉམས་ཞིབ་གྲུབ་དོན་མང་པོའི་ཁྲོད་ནས་དཔེར་ན་རྡུལ་ཕྲན་མཚོན་ཆ་ལྟ་བུ་མི་གསོད་བྱེད་ཀྱི་ལག་ཆ་མང་པོ་ཞིག་བྱུང་བའི་རྐྱེན་གྱིས་ཚན་རིག་གི་ཤེས་བྱ་དེ་སྟབས་མ་ལེགས་པར་གཏོར་བཤིག་གཏོང་རྒྱུ་དང་མི་ལ་འཇིགས་སྣང་དང་འཚེ་བའི་ཕྱོགས་ལ་བེད་སྤྱོད་བཏང་ཡོང་གི་ཡོད་པ་དང་། རྡུལ་ཕྲན་མཚོན་ཆ་ལྟ་བུ་གོ་བ་ཙམ་གྱིས་ཞེ་སྣང་སྐྱེས་དགོས་པ་དང་། དེ་དག་གི་རྩ་བའི་དམིགས་ཡུལ་དེ་མི་གསོད་རྒྱུའི་ཆེད་དུ་རེད་འདུག་གཱ། དེ་ལྟ་བུ་དག་ནི་ཚན་རིག་གི་ཉམས་ཞིབ་གྲུབ་དོན་ཁྲོད་དངོས་སྟབས་མ་ལེགས་པ་ཞིག་རེད་འདུག ད་ལྟའི་ཆར་ཚན་རིག་པ་ཉམས་ཞིབ་གནང་མཁན་ཚོས་ག་རེ་རྙེད་ཡོད་པ་རེད་ཅེས་ན་ཁོང་ཁྲོ་སོགས་ཀྱིས་ང་རང་ཚོའི་འཕྲོད་བསྟེན་ལ་ཧ་ཅང་གནོད་ཀྱི་ཡོད་པ་དང་། ཁོང་ཁྲོ་ལངས་པ་དེས་ང་ཚོར་ནད་ཡོང་སྐབས་དེ་འགོག་བཅོས་བྱེད་པར་གནོད་བསྐྱལ་ནས་གནོད་ཆེན་པོ་ཡོང་གི་ཡོད་དུས་ག་ཚོད་ཀྱིས་ཞི་བདེ་བག་ཡོད་ཀྱིས་བསམ་བློ་ལྷོད་ལྷོད་ཡིན་ན་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་བྱུང་གི་ཡོད་པ་རེད། སུ་ཡིན་ནའང་ཚང་མ་སྤྲོ་བོའི་ངང་འཛུམ་རིལ་རིལ་བསྡད་པ་ཡིན་ན་དགའ་ཡི་རེད་ལ་ཁྲོང་ཁྲོའི་རྣམ་འགྱུར་སྟོན་བསྡད་པ་ཡིན་ན་དགའ་ཡི་མ་རེད། དཔེར་ན་དམག་འཁྲུག་སོགས་ཀྱི་སྐབས་སུ་དམག་གི་དཔོན་པོ་དེ་འདྲ་མཁྲེགས་པོ་བྱས་ཏེ་གསོད་རྒྱུར་ཐེ་ཚོམ་མེད་མཁན་དེ་འདྲ་འདུག་ཨ། ཁྱི་ལྟ་བུ་ལ་མཚོན་ན་ཟ་མ་སོགས་སྤྲོད་པའི་སྐབས་སུ་ཕར་ལ་བརྩེ་བ་ཞིག་བསྟན་པ་ཡིན་ན་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག དེ་དག་གིས་བརྩེ་བ་སྤྲོད་བཞིན་ཡོད་པ་ཧ་གོ་ཡི་ཡོད་པས་ཁོ་རང་ཚོར་ནུས་པ་ཞིག་འདུག གལ་ཏེ་བྱེའུ་ལྟ་བུ་ཞིག་ལ་མཚོན་ན་ཟ་མ་སྤྲོད་སྐབས་ང་ཚོའི་ལྷན་སྐྱེས་ཀྱི་བརྩེ་བ་དེ་མ་སྟོན་པ་ཡིན་ན་ཟ་མ་དེ་འཁུར་ནས་འཕུར་འགྲོ་ཡི་འདུག གལ་ཏེ་འགྲོ་བ་མིའི་ངོས་ནས་ཁྱི་ལྟ་བུ་སོགས་ལ་བརྩེ་བ་དེ་བསྟན་པ་ཡིན་ན་ཁོ་ཚོའི་ཚུར་བརྩེ་བ་དེ་ལ་དགའ་ཚོར་ཡོད་པའི་ལུས་ཀྱི་རྣམ་འགྱུར་སྟོན་ཡོང་གི་འདུག དེ་ཡིན་དུས་འཛམ་གླིང་འདིར་ཀུན་གྱིས་ཆོས་ལུགས་ལས་གལ་ཆེ་བའི་གཞི་རྩ་དེ་བརྩེ་བར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། བརྩེ་བ་དང་བཟོད་པ་སོགས་འཛམ་གླིང་གི་ལྟ་གྲུབ་ཡོད་པའི་ཆོས་ལུགས་ཚང་མས་དོན་དག་གཙོ་བོ་དེ་རེད། ད་ལྟའི་དུས་ཚོད་འདིར་ང་ལ་ག་རེ་དོ་སྣང་བྱུང་ལབ་ན། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ལྷ་ཁང་དེ་འདྲ་ཧ་ཅང་ཆེན་པོ་ཡོད་ན་ཡང་ད་ལྟ་སྟོང་པར་ལྷག་ནས་འདུག བྱས་ཙང་དེང་སང་མི་ཚོས་ཆོས་ལ་དད་གུས་བྱེད་རྒྱུ་དེ་ཉུང་དུ་ཉུང་དུ་འགྲོ་ཡི་འདུག དེ་ཡིན་དུས་ངས་ནམ་རྒྱུན་ང་ཚོའི་ཤེས་ཡོན་གྱི་ལྟ་གྲུབ་དེ་དག་གི་ནང་གཟུགས་པོའི་འཕྲོད་བསྟེན་ཙམ་མ་ཡིན་པར་ཚོར་བའི་མྱོང་བ་དེ་འདྲ་ཡོད་པ་དེ་དག་ཀྱང་བླུགས་དགོས་འདུག་ཅེས་བཤད་ཀྱི་ཡོད། དེང་སང་གི་ཤེས་ཡོན་སློབ་སྦྱོང་སྤྲོད་སྟངས་དེ་ཕྱི་དངོས་པོའི་ཡར་རྒྱས་ཁོ་ན་ཙམ་ལས་ང་རང་ཚོའི་ནང་གི་ཤེས་པ་ལ་དོ་སྣང་སྤྲོད་ཀྱི་མི་འདུག དེ་ཡིན་དུས་ང་ཚོའི་ཤེས་ཡོན་སྤྲོད་སྐབས་ང་རང་ཚོའི་བསམ་བློའི་ནང་ཞི་བདེ་ག་འདྲ་ཞེས་སྤྲོད་དགོས་པ་སོགས་ཀྱི་སྐོར་ལ་དོ་སྣང་སྤྲོད་དགོས་ཀྱི་འདུག ང་ཚོས་དེ་དག་གི་སྐོར་ལ་ཆོས་ལུགས་ཙམ་མ་ཡིན་པར་ཚན་རིག་པའི་ཉམས་ཞིབ་ཀྱི་ཐབས་ལམ་ལ་བརྟེན་ནས་འགྲེལ་བཤད་སྐྱོན་པ་ཡིན་ན་མི་ཚོས་དོ་སྣང་ཆེན་པོ་བྱེད་ཀྱི་འདུག ངའི་དམིགས་ཡུལ་གཉིས་པ་དེ་ག་རང་ཡིན། ཞེས་གསུངས་སོང་།

མཇུག་ཏུ་ཁོང་གིས། ནུབ་ཕྱོགས་པའི་ཚན་རིག་པ་ཚོ་དང་བགྲོ་གླེང་བྱེད་སྐབས་རིག་གཞུང་དང་དད་མོས་བྱེད་ཡུལ་སོགས་གཅིག་པ་མིན་དུས་མི་བདེ་བའི་ཚོར་སྣང་ཅུང་ཙམ་ཡོང་གི་ཡོད་པ་དང་། ལྷག་པར་དུ་འཇིགས་རྟེན་བཀོད་པ་པོ་སོགས་ཀྱི་སྐོར་ལ་བཤད་དུས་ཁོ་རང་ཚོ་འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་རེད། གལ་སྲིད་ང་ཚོས་འཇིག་རྟེན་ཁམས་ཀྱི་བྱུང་རིམ་སོགས་གཏིང་ཟབ་མོས་རྡུལ་ཕྲན་ཕྲ་མོ་ནས་བྱུང་བ་སོགས་ཀྱི་སྐོར་ལ་འགྲེལ་བཤད་སྐྱོན་པ་ཡིན་ན་མཚམས་མཚམས་ཏོག་ཙམ་ཁག་པོ་འདུག ཆོས་ལུགས་གཞན་པ་ཚོར་ངས་རྗེས་སུ་ཡི་རང་བྱེད་ཀྱི་ཡོད་ལ་ཡེ་ཤུ་ཆོས་ལུགས་ལྟ་བུར་མི་ས་ཡ་མང་པོས་ལོ་སྟོང་ཕྲག་མང་པོའི་རིང་ནས་དད་མོས་དང་ཆོས་ལུགས་དེ་བརྒྱུད་ནས་དགའ་སྣང་གི་ཚོར་བ་ཡོང་གི་ཡོད་པ་རེད། ང་རང་གི་ངོས་ནས་ཆོས་ལུགས་ཚང་མའི་མཐུན་ལམ་གྱི་སྐོར་ལ་ལག་ལེན་བྱེད་ཀྱི་ཡོད་དུས་ཆོས་ལུགས་དེ་དག་ལ་ངའི་ངོས་ནས་བཅོས་མ་མ་ཡིན་པའི་གུས་བརྩི་བྱེད་བཞིན་ཡོད། དེ་འདྲ་ཡིན་དུས་རིག་གཞུང་གི་ཐོག་ནས་ཅུང་ཙམ་མི་བདེ་བའི་བློ་ཡོང་གི་འདུག ཡིན་ན་ཡང་ཤར་ཕྱོགས་པར་མཚོན་ན་དེ་ཏོག་ཙམ་ཁ་ཁ་རེད། དམིགས་བསལ་གྱིས་རྒྱ་ནག་ནང་ལ་མཚོན་ན་མང་པོ་ཞིག་ནང་པ་རེད། རྒྱ་ནག་གི་ཚོགས་པ་ག་བར་མཚོན་ན་ནུབ་ཕྱོགས་ཁག་ཏུ་ཡོད་པའི་རྒྱ་ནག་གི་གཞིས་ཆགས་ག་བར་ཡོད་ན་དགོན་པ་དེ་འདྲ་འདུག དེ་མ་ཟད་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་མཁས་པ་མང་པོ་རྒྱ་གར་གྱི་དཔལ་ནལེནྜ་དང་འབྲེལ་བ་ཡོད་བསྡད་དུས། ང་ཚོར་འབྲེལ་བ་ཞིག་ཡོད་པས་དེ་རིང་གི་བགྲོ་གླེང་འདིར་དགའ་བོ་བྱུང་། ཡིན་ན་ཡང་ཆབ་སྲིད་ཀྱི་ཐོག་ནས་ལོ་སྟོང་ཕྲག་རིང་ནས་ང་ཚོས་ཕན་ཚུན་བརྡུང་རེས་བརྒྱབ་ནས་བསྡད་པ་རེད། ཡང་མཚམས་མཚམས་ང་ཚོ་མཐུན་པོ་འཆམ་པོ་བྱས་ཏེ་ཕན་ཚུན་འབྲེལ་བ་ཧ་ཅང་ཡག་པོ་བྱས་ཏེ་ཕན་ཚུན་ཆང་ས་ཡང་བརྒྱབས་པ་རེད། དཔེར་ན་དུས་རབས་བདུན་པའི་ནང་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་གི་སྲས་མོ་ཞིག་མཉམ་དུ་འཁྲུང་ས་བསྐྱོན་པ་རེད།  དངོས་ཡོད་གནས་ཚུལ་ལ་ང་ཚོ་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱས་ནས་འདུག་དགོས་པ་རེད། བྱས་ཙང་ང་ཚོ་ཕན་ཚུན་ནང་མི་འདྲ་བོ་བྱས་ཏེ་འདུག་དགོས་དུས་ཆབ་སྲིད་ཀྱི་ནང་ལ་ང་ཚོས་ཕྱི་ལོ ༡༩༧༤ ནས་བཟུང་ང་ཚོས་རང་བཙན་ཐོག་ལ་རྩོད་ཀྱི་མིན་ཞེས་ཐག་བཅད་པ་ཡིན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་གཞིའི་ནང་ལོག་ནས་འདུག་རྒྱུ་བྱས་ཡོད་པ་རེད། རྒྱ་ནག་གི་རྩ་ཁྲིམས་ནང་ལ་བོད་རིགས་ས་ཁུལ་གྱི་ཐོབ་ཐང་ཞིག་བཤད་བཞིན་ཡོད་པ་རེད། རྒྱ་ནག་ནང་དུ་ནང་པ་ས་ཡ་ ༤༠༠ ཙམ་ཡོད་པར་བཤད་བཞིན་ཡོད་དུས་ང་ཚོས་དེ་ལྟར་ཕན་ཚུན་ཤེས་ཡོན་སྤེལ་རེས་བྱས་ཏེ་བསྡད་ཆོག་གི་རེད། དཔལ་ནལེནྜའི་རིག་གཞུང་དེ་ང་ཚོས་དམ་པོར་ཉར་ཚགས་བྱས་ནས་ཡོད་པ་རེད། བྱས་ཙང་ང་ཚོས་ཁོང་ཚོར་ཕན་ཐོགས་བྱེད་ཐུབ་ཀྱི་རེད་ལ་རོགས་པ་ཡང་བྱེད་ཐུབ་ཀྱི་རེད། དེ་མ་ཡིན་པའི་ཆབ་སྲིད་དེ་ཕར་བཞག་ནས་ཁོར་ཡུག་གི་ཐོག་ལ་ང་ཚོ་བོད་དེ་འཛམ་གླིང་གི་སྣེ་གསུམ་པ་དེ་ཆགས་ཀྱི་ཡོད་དུས་འཛམ་གླིང་ཚ་དྲོད་འཕེལ་བཞིན་པར་བྱང་སྣེ་དང་ལྷོ་སྣེ་གཉིས་ཀྱི་ཕན་ཐོགས་བྱེད་བཞིན་པ་ལྟར། བོད་མཐོ་སྒང་གི་སྣེ་གསུམ་པ་དེས་ཕན་ཐོགས་བྱེད་ཐུབ་པ་རེད། དེ་བཞིན་རྨ་ཆུ་དང་འབྲི་ཆུ་ལྟ་བུ་རྒྱུག་ཆུ་ཆེན་པོ་དེ་དག་གི་འབྱུང་ཁུངས་དེ་བོད་ནས་རེད། བྱས་ཙང་བོད་ཀྱི་ཁོར་ཡུག་དེ་དོ་སྣང་ཆེན་པོ་བྱེད་ཡུལ་ཞིག་ཆགས་ཡོད་པ་རེད། ཅེས་གསུངས་སོང་།དེའི་རྗེས་ནོ་བྷེལ་རྫས་སྦྱོར་རིག་པའི་གཟེངས་རྟགས་ཐོབ་མྱོང་མཁན་སློབ་དཔོན་ཆེན་པོ་ལོ་ཡོན་ཀྲིག་གིས་གཙོ་སྐྱོང་འོག་བགྲོ་གླེང་དངོས་སུ་དབུ་འཛུགས་གནང་སོང་བ་དང་། ཐོག་མར་ཐའེ་ཝན་དངོས་ཁམས་རིག་པའི་འབུམ་རམས་པ་ཆེན་མོ་ལོ་ཁྲི་ཁྲང་གིས། མཁའ་དུས་ཆ་འགྲིག་རིག་པ་དང་ཚད་རྡུལ་དངོས་ཁམས་རིག་པའི་བརྗོད་གཞིའི་སྟེང་གཏམ་བཤད་གནང་སོང་བ་དང་། ཁོང་གི་བགྲོ་གླེང་གཏམ་བཤད་ཀྱི་ངོ་སྤྲོད་ནང་འདས་པའི་ལོ་ངོ་ ༧༠ ནང་ང་ཚོས་གཞི་རྩའི་ཕྲ་རྡུལ་གྱི་དྲག་ཤུགས་དང་། གློག་ཁབ་ལེན་གྱི་ཤུགས། དེ་བཞིན་ཞན་ཤུགས་བཅས་ཀྱི་སྐོར་ལ་ཤེས་རྟོགས་ཆེན་པོ་བྱུང་བ་འདི་ནི་མཁའ་དུས་ཆ་འགྲིག་རིག་པ་དང་ཚད་རྡུལ་གྱི་ར་བའི་རྣམ་བཞག་ལ་བརྟེན་ནས་བྱུང་བ་ཡིན་ཞིང་། ཚོད་ལྟའི་དཔྱད་ཞིབ་པ་མང་དག་ཅིག་གིས་གཏན་འབེབས་ཀྱང་གནང་ཡོད། འོན་ཀྱང་ནེའུ་ཊོན་དང་ཨ་ཡན་སི་ཐན་གཉིས་ཀྱི་དུས་སྐབས་བརྒལ་ནས་བཟུང་ད་བར་མཁའ་དུས་ཆ་འགྲིག་རིག་པའི་གོ་རྟོགས་ལ་ཡར་རྒྱས་དེ་ཙམ་ཕྱིན་མེད་པ་དང་། འདིར་ངོས་ནས་སྔར་ནེའུ་ཊོན་དང་ཨ་ཡན་སི་ཐན་གཉིས་ཀྱིས་མཁའ་དུས་ཆ་འགྲིག་རིག་པའི་སྐོར་ལ་ཅི་ཞིག་བཤད་ཡོད་པ་དང་འབྲེལ་བའི་སྒེར་གྱི་གོ་རྟོགས་དང་། ཚད་རྡུལ་གྱི་གཞི་རྩའི་ལྟ་གྲུབ་སྐོར་བཅས་ལ་བསྐྱར་ཞིབ་བྱ་རྒྱུ་མ་ཟད། དེ་བཞིན་མཁའ་དུས་ཆ་འགྲིག་རིག་པ་དང་ཚད་རྡུལ་དངོས་ཁམས་རིག་པ་གཉིས་མཉམ་བསྲེས་བྱ་ཚུལ་གྱི་སྐོར་ཡང་འགྲེལ་བཤད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

དེའི་རྗེས་འབུམས་རམས་པ་ཁྲིན་ཆི་ཏུང་གིས་འཛིངས་འཁྲིལ་གྱི་འཇིག་རྟེན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སོང་བ་དང་། ཁོང་གིས་གཏམ་བཤད་ངོ་སྤྲོད་ནང་ཚད་རྡུལ་རིག་པ་ནི་ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་མཐོང་ཆོས་ཤིག་ཆགས་ཡོད་པ་དཔེར་ན། རྩི་ཤིང་གི་འོད་ཀྱི་སྦྱོར་སྡེབ་བྱེད་ཚུལ་དང་། བྱ་རིགས་གནས་སྤོའི་སྐབས་གྱི་འགྲུལ་བསྐྱོད་བྱེད་སྟངས་ལྟ་བུ་ཡིན། བརྩེགས་སྣོལ་དང་འཛིངས་འཁྲིལ་གཉིས་ནི་ཚད་རྡུལ་འཕྲུལ་རིག་གི་ཐུན་མིན་ཁྱད་ཆོས་ཤིག་ཡིན་ཞིང་། དེས་དུས་ཀྱི་ཚད་རྡུལ་རྩིས་རིག་དང་ཚད་རྡུལ་བརྡ་འཕྲིན་འཕྲུལ་རྩལ་གཉིས་ཀྱི་ལྡེ་མིག་ལྟ་བུ་ཡང་ཡིན། འཛིངས་འཁྲུལ་གྱི་རྣམ་གཞག་ལྟར་ན་རྡུལ་ཕྲ་མོ་ཁ་ཤས་མཉམ་སྦྲེལ་གྱིས་ཚད་རྡུལ་གྱི་ངོ་བོར་འཛིངས་འཁྲིལ་བྱུང་བའི་སྐབས་སུ། རྡུལ་ཕྲ་མོ་གཅིག་གི་ཚད་རྡུལ་གནས་བབ་ལ་ཚད་འཇལ་བྱས་པ་དེ་ཡིས་ཕྲ་རྡུལ་གཞན་ཚང་མའི་ཚད་རྡུལ་གནས་བབ་བརླག་ཏུ་འཇུག་གི་ཡོད། འོན་ཀྱང་ཚད་གཞི་མ་གཞལ་གོང་དུ་རྡུལ་རེ་རེ་ལ་གནས་བབ་ངེས་ཅན་ཞིག་མེད་པར། གནས་བབ་ཅི་ཡོད་ཚང་མའི་བརྩེགས་སྣོལ་གྱི་ངོ་བོར་གནས་ཡོད། ང་ཚོའི་འཇིག་རྟེན་འདི་ནི་ཕྲ་རྡུལ་ཡོད་ཚད་ཀྱི་ཚད་རྡུལ་གནས་བབ་ཀྱིས་གྲུབ་པའི་རླབས་རྩིས་ཀྱི་རང་བཞིན་ཅན་ཞིག་ལ་ངོས་འཛིན་ཞུས་ཆོག་སྟེ། རྒྱུ་མཚན་ནི་འཇིག་རྟེན་གྱི་ཆོས་ཀུན་གཅིག་ལ་གཅུག་བརྟེན་ཡིན་པས་དང་། གནས་ཚུལ་འདི་ནི་ང་ཚོའི་སྤྱི་ཚོགས་ལ་ཡང་ཁྱབ་སྟེ། མི་རྣམས་གཅིག་ལ་གཅིག་འབྲེལ་གྱིས་གནས་ཡོད་པ་ཡིན་སྐོར་བརྗོད་འདུག

ཕྱི་དྲོར་འབུམས་རམས་པ་ཁྲིན་ཡུ་ནན་གྱིས་ཚད་རྡུལ་དངོས་ཁམས་རིག་པ་ནས་ཚད་རྡུལ་སྐྱེ་དངོས་རིག་པའི་བར་ཞེས་པ་དང་། འབུམས་རམས་པ་ལིན་ཧྲན་ཡུག་གིས་ཉི་མ་དྲོ་བ་གློག་གི་ཤེལ་རྡོག འོད་རྡུལ་གྱི་བྱང་བུ་བཅས་ཀྱིས་དེང་དུས་ཀྱི་འོད་རྡུལ་གསར་བརྗེ་ཞེས་པའི་སྐོར་ལ་གཏམ་བཤད་གནང་སོང་།

ཐེངས་འདིའི་བགྲོ་གླེང་དེ་ཉིན་ ༣ རིང་ཚོགས་བཞིན་ཡོད་པ་དང་། བགྲོ་གླེང་ཉིན་གཉིས་པར་འབུམས་རམས་པ་ལི་ཏིན་གོ་ཡིས་ཁྱད་འཕགས་བརྒྱུད་ཁྲིད་ནུས་པ་དང་འབྲེལ་བའི་ཚད་རྡུལ་གྱི་རགས་པའི་གསར་ཐོན་སྣང་ཚུལ་ཞེས་པའི་ཐོག་གཏམ་བཤད་དང་། སློབ་དཔོན་ཆེན་མོ་ཝུ་མའོ་ཁུའོ་ཡིས་ཚད་རྡུལ་གྱི་གནས་བབ་གསར་པ་ཁྱད་འཕགས་བརྒྱུད་ཁྲིད་ནུས་པའི་སྐོར། སློབ་དཔོན་ཆེན་མོ་ཨལ་བྷརཊ་ཀྲང་མེ་ཧྥུའི་ཡིས་ཐད་དྲང་བརྩེགས་སྣོལ་དང་གསར་ཐོན་གྱི་ཐད་དྲང་དབེན་པའི་རང་བཞིན་དང་འབྲེལ་བའི་ཚད་རྡུལ་དབོར་འདྲེན་གྱི་སྐོར། དེ་བཞིན་སློབ་དཔོན་ཆེན་མོ་མོ་ཀྲུང་ཡོན་གྱིས་ཆེས་སྤྱིར་བཏང་མིན་པའི་གཤེར་གཟུགས་ཏེ་ཚྭའི་སྐོར་ཞེས་པའི་ཐོག་གཏམ་བཤད་དང་། ཉིན་གསུམ་པར་སློབ་དཔོན་ཆེན་མོ་ལི་ཡོན་ཀྲུག་གིས་ཡུན་གནས་ཐུབ་པའི་འཛམ་གླིང་ལ་འཁྲིལ་བའི་དཀའ་ངལ་དང་གོ་སྐབས་གྱི་སྐོར་ཞེས་པའི་ཐོག་གཏམ་བཤད་བགྲོ་གླེང་གནང་རྒྱུ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༡/༠༡

Leave a Reply

One thought on “རྒྱ་རིགས་ཚན་རིག་པ་ལྷན་དུ་ཚན་རིག་བགྲོ་གླེང་ཐེངས་དང་པོ་དབུ་འཛུཊ་གནང་།

  1. ལྷ་སྡེ་གནམ་ལོ་ཡག

    ཁོང་ཚོས་རྒྱལ་བ་རིན་པོ་ཆེར་ལག་སྐྱེས་ཕུལ་སྐབས་ཐེ་ཝན་འབུར་དུ་བཏོད་ནས་བཤད་ཀྱིན་པ་ལས་རྒྱ་རིགས་ཡིན་ཟེར་གྱི་མི་འདུག དེ་བས། བོད་པའི་ངོས་ནས་ཀྱང་ཁོ་རང་ཚོས་ག་རེ་ལབ་པར་བརྩི་བཀུར་བྱེད་འོས། དེ་ལའང་གམད་འགག་གཉིས་ཡོད། གཅིག་ཐེ་ཝན་པ་ལ་རྒྱ་མི་ཞེས་ལབ་ན་བོད་པར་འཛིན་པའི་ལྟ་སྟངས་ལ་འགྱུར་བ་ཐེབས་སྲིད། གཉིས་ནས་ཚན་རིག་པ་ཚོར་སྣེ་ཁྲིད་མཁན་ལ་མཚོན་ནའང་ཁ་རྒྱབ་མིང་གསུམ་གྱི་ཡོང་ཁུངས་ཐེ་ཝན་ཡིན་པས། རང་ཉིད་རྒྱ་མི་ཡིན་ཞེས་ཡོངས་གྲགས་སུ་སྨྲ་མི་ཕོད།