བོད་ཀྱི་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་པ་ཚོའང་ནག་ཚོགས་འབུར་འཇོམས་ཀྱི་དམིགས་འབེན་དུ་གྱུར་འདུག

རྒྱ་ནག་གཞུང་གིས་ནག་སེལ་གཤེད་བཅོམ་ལས་འགུལ་ཟེར་བའི་ཁྲོད་མི་གྲངས་ ༡༧༠༠༠ ཙམ་ནག་ཚོགས་གཏུམ་སྤྱོད་དང་འབྲེལ་བའི་ཉེས་དོན་རྩད་གཅོད་དང་། མི་གྲངས་ ༥༧༠༠༠ ལྷག་འཛིན་བཟུང་བྱེད་ཆོག་པའི་བཀོད་ཁྱབ་བཏང་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་མི་མང་ཆེས་མཐོའི་ཁྲིམས་ཁང་གིས། ད་ལོའི་ཕྱི་ཟླ་ ༡ ནས་བཟུང་རྒྱ་ནག་གཞུང་གིས་ནག་སེལ་གཤེད་བཅོམ་ལས་འགུལ་ཟེར་བའི་ཁྲོད་མི་གྲངས་ ༡༧༠༠༠ ཙམ་ནག་ཚོགས་གཏུམ་སྤྱོད་དང་འབྲེལ་བའི་ཉེས་དོན་རྩད་གཅོད་དང་། མི་གྲངས་ ༥༧༠༠༠ ལྷག་འཛིན་བཟུང་བྱེད་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་ལྟར། མི་གྲངས་ ༣༢༠༠༠ ལ་གཞུང་གིས་གྱོད་དོན་འདྲི་རྩད་བྱས་ཡོད་པ་དང་ནག་ཚོགས་གཏུམ་སྤྱོད་ཀྱི་རྒྱབ་སྲུང་བྱེད་མཁན་མི་གྲངས་ ༢༠༠ འཛིན་བཟུང་བྱས་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་མི་མང་ཆེས་མཐོའི་ཁྲིམས་ཁང་གི་འགན་འཛིན་ཀྲང་ཅིན་ཟེར་བ་ཞིག་གིས་གསར་འགོད་པར། རྒྱ་ནག་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་སེལ་གཤེད་བཅོམ་ཐད་ཆེད་དུ་དམིགས་ནས་འཐབ་རྩོད་དང་སྐུལ་འདེད་བྱེད་པའི་ཚོགས་འདུའི་ཐོག ཆབ་སྲིད་གནས་རིམ་མཐོར་འདེགས་གཏང་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་འདུ་ཤེས་བཞི་ལ་ཤུགས་སྣོན་དང་། སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་གཉིས་ལག་ལེན་བྱེད་པའི་གལ་ཆེའི་ཆབ་སྲིད་ལས་གྲྭ་ཞིག་དང་། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་མཐོར་འདེགས་གཏོང་བའི་ལས་གཞི་གལ་ཆེན་ཞིག་ཡིན་པ་དང་།  ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བཀོད་སྒྲིག་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས་ཡོད། ཅེས་བརྗོད་འདུག

ཡང་ཁོས་ནག་ཚོགས་གཤེད་བཅོམ་སྐབས་རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་ས་གནས་རང་གི་དོན་དངོས་དང་མི་མང་གི་བསམ་འཆར་ལ་བསྟུན་དགོས་པ་དང་། དཔེར་ན་ཀང་ཏུང་ཞིང་ཆེན་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་གནད་དོན་མངོན་གསལ་ཅན་ལ་དམིགས་ཏེ། ནག་སྤྱོད་སྟོབས་ཤུགས་ཀྱིས་གཞི་རིམ་གྱི་སྲིད་དབང་ལ་ཐེ་གཏོགས་བྱེད་པ་དང་། ཆོས་ལུགས་ཀྱི་སྟོབས་ཤུགས་བེད་སྤྱད་ནས་དབང་ཡོད་ཧམ་ཤེད་བྱེད་པ། ལས་རིགས་ལ་མགོ་སྐོར་བཏང་ནས་ཁྲོམ་ར་བཙན་འཛིན་བྱེད་པ། དམངས་ཁྲོད་དཔལ་འབྱོར་རྩོད་གཞི་ལ་ཐེ་བྱུས་བྱེད་པ་སོགས་བྱས་ཉེས་བསགས་པའི་གྱོད་དོན་ ༣༣༦ དང་མི་ ༡༤༤༨ འཛིན་བཟུང་གི་ཆོག་མཆན་བཀོད་པ་ལྟར།  གྱོད་དོན་ ༡༢༤ དང་མི་ ༣༩༨ ཉེས་དོན་འདྲི་རྩད་ཐག་གཅོད་བྱས་ཏེ་སྤྱི་ཡོངས་ནས་ནག་སེལ་ངན་བཅོམ་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད་སྐོར་བརྗོད་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ད་ལོའི་ནག་སེལ་གཤེད་བཅོམ་ཞེས་པའི་ལས་འགུལ་མགོ་འཛུགས་བྱས་པ་ནས་ཞིང་ཆེན་དང་རྫོང་རིམ་པ་བྱས་ཏེ། ཆེད་དུ་ནག་སེལ་གཤེད་བཅོམ་གྱི་ཚོགས་ཆུང་བཙུགས་ནས་ལས་འགུལ་སྣ་མང་ཞིག་སྤེལ་ཡོད་ན་ཡང་། ལས་འགུལ་དེ་སྤེལ་སའི་ས་གནས་སོ་སོའི་དམིགས་ཡུལ་དང་ནག་ཚོགས་ངོས་འཛིན་བྱེད་སྟངས་གཅིག་པ་མིན་པ་དང་། བོད་ཁུལ་དང་ཡུ་གུར་སོགས་ཀྱི་ནང་དུ་ཁ་བྲལ་ནག་ཚོགས་ལ་འབུར་འཇོམས་གཏོང་གི་ཡིན་ཞེས་བརྗོད་ཀྱི་ཡོད་ན་ཡང་། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཧུའུ་ནན་དང་ཧྲན་ཏུང། ཧི་པེ་སོགས་སུ་ནག་ཚོགས་འབུར་འཇོམས་ནི་སྲིད་གཞུང་ལ་སྐྱོན་འདོན་ཡར་ཞུ་དང་སྐུལ་སློང་བྱེད་མཁན་ཚོ་དམིགས་འབེན་གཙོ་བོར་བཟུང་ཡོད་སྐོར་བརྗོད་ཡོད་པ་རེད།

སྐབས་དེར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་དྲ་བའི་གནས་ཚུལ་ནང་ནག་ཚོགས་འབུར་འཇོམས་ལས་འགུལ་གྱི་དམིགས་གཏད་གཙོ་བོ་གསུམ་ནི། ཁ་བྲལ་རིང་ལུགས་པ་དང་། དྲག་སྤྱོད་རིང་ལུགས་པ། ཐལ་སྤྱོད་རིང་ལུགས་པ་བཅས་ཡིན་ལ། ལྷག་པར་དུ་ཁ་བྲལ་རིང་ལུགས་པ་ཚོར་ལས་འགུལ་འདིའི་ཁྲོད་ནས་གུ་ཡངས་གཅིག་ཀྱང་མེད་ཅེས་བརྗོད་ཡོད་པ་དང་། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་མཚོ་སྔོན་དང་སི་ཁྲོན། ཡུན་ནན་སོགས་བོད་ཁུལ་གྱི་ས་ཁུལ་ཁག་ཏུ་ལས་འགུལ་དེ་སྤེལ་སྐབས། ལྷ་སའི་ནག་ཚོགས་འབུར་འཇོམས་གསལ་བསྒྲགས་ནང་། ནག་ཚོགས་ཀྱི་དམིགས་གཏད་གཙོ་བོ་དེ་ཏཱ་ལའི་ཁ་བྲལ་ཤོག་ཁག་དང་ཏཱ་ལའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན། དེ་བཞིན་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་བྱང་འོག་ནས་ལས་འགུལ་སྤེལ་མཁན་རིགས་ཡིན་སྐོར་བརྗོད་ཡོད་པ་རེད།

ནག་ཚོགས་ངན་འཇོམས་ཞེས་པ་ནི་ཞི་ཅིན་ཕིན་གྱི་གཙང་སེལ་ལས་འགུལ་གཞི་རྩར་བཟུང་ནས་འདི་ལོ་ནས་ཕྱི་ལོ་ ༢༠༢༡ བར་སྤྱི་ཚོགས་ཁྲོད་ཀྱི་ནག་ཚོགས་འབུར་འཇོམས་གཏོང་དགོས་སྐོར་གྱི་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་བ་ལས་མགོ་བརྩམས་ཡོད་པ་དང་། ད་ལོའི་ནག་ཚོགས་ངན་སེལ་གྱི་ཚོགས་འདུ་ཞིག་གི་སྐབས་ཕྱི་ལོ་ ༢༠༡༩ ལོ་མཇུག་བར་དུ་རྒྱ་ནག་རྒྱལ་ཡོངས་ནང་ནག་ཚོགས་ངན་སེལ་ཆེད་དོན་འཐབ་འཛིང་ལས་གཞི་སྤེལ་ཐུབ་པ་བྱ་རྒྱུ་དང་། ནག་ཚོགས་ངན་སེལ་ཁྲོད་ངན་པའི་སྟོབས་ཤུགས་ ༡༢ དང་ངན་རོཊ་ ༢༥ ལ་རྡུང་རྡེག་གཏང་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༡/༠༢

Leave a Reply