བོད་སྐྱིད་གྲོང་དུ་རྒྱལ་སྤྱིའི་ཁྲོམ་ར་ཞིག་སྒོ་ཕྱེས་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་སྐྱིད་གྲོང་རྫོང་ཁོངས་སུ་སྐྱིད་གྲོང་རྒྱལ་སྤྱིའི་མཐའ་མཚམས་ཁྲོམ་ར་ཞེས་པ་ཞིག་སྒོ་ཕྱེས་ཏེ་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཚོང་པ་མང་པོས་ཚོང་ལས་གཉེར་བཞིན་ཡོད་འདུག རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༣༡ ཉིན་བོད་ལྷོ་ནུབ་མཐའ་མཚམས་སུ་ཡོད་པའི་སྐྱིད་གྲོང་རྫོང་ཁོངས་སུ་སྐྱིད་གྲོང་རྒྱལ་སྤྱིའི་མཐའ་མཚམས་ཁྲོམ་ར་ཞེས་པ་ཞིག་སྒོ་འབྱེད་བྱས་ཡོད་པ་དང་། ཁྲོམ་ར་དེར་བལ་ཡུལ་དང་པ་ཀི་སི་ཐན་གཙོ་བོར་གྱུར་བའི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཚོང་པ་ཚོས་ཚོང་རྫས་འགྲེམས་ཚོང་བྱེད་བཞིན་ཡོད་འདུག

སྐྱིད་གྲོང་རྫོང་ས་གནས་སྲིད་གཞུང་གི་མགོ་འཛིན་ཧུ་ཧོང་(Hu Hong)ཟེར་བ་ཞིག་གིས། སྐྱིད་གྲོང་རྒྱལ་སྤྱིའི་མཐའ་མཚམས་ཁྲོམ་རར་འགྲོ་གྲོན་རྒྱ་སྒོར་ས་ཡ་ ༤༢.༥ བཏང་ཡོད་པ་དང་། ཁྲོམ་ར་དེ་སྒོ་འབྱེད་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ནི་མཐའ་མཚམས་ཀྱི་ཚོང་འབྲེལ་ཡར་རྒྱས་དང་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་བ་ཞིག་ཆགས་པའི་ཆེད་དུ་ཡིན་སྐོར་བརྗོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གཞུང་གིས་མཐའ་མཚམས་ཁག་གི་འཚོ་བ་ཡར་རྒྱས་གཏོང་དགོས་སྐོར་བརྗོད་དེ། མ་དངུལ་རྒྱ་སྒོར་ཁྲི་ ༥༢༠༤.༦༦ ལྷག་གཏང་ནས་སྐྱིད་གྲོང་ཁུལ་དུ་སྐྱིད་གྲོང་རྒྱལ་སྤྱིའི་མཐའ་མཚམས་ཁྲོམ་ར་སོགས་ཁྲོམ་ར་ ༦ སྒོ་འབྱེད་བྱ་རྒྱུ་དང་། གཏིང་སྐྱེས་རྫོང་དུ་དངོས་ཟོག་ཉོ་ཚོང་ཁྲོམ་ར་ ༤  འཛུགས་སྐྲུན་བྱ་རྒྱུའི་ལས་འཆར་བཟོས་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་མཐའ་མཚམས་ཁག་གི་ཚོང་ལས་སྒོ་མོ་ཆེ་རུ་ཕྱེ་བ་ཡིས་ན་ནིང་ལོ་གཅིག་པུར་མཐའ་མཚམས་ཀྱི་ཚོང་དོན་མ་དངུལ་བསྡོམས་འབོར་རྒྱ་སྒོར་དུང་ཕྱུར་༢༩.༨༦ ཟིན་ཡོད་པ་དང་། མཐའ་མཚམས་མི་མང་གི་ཚོང་ཟོག་ཉོ་ཚོང་བསྡོམས་འབོར་རྒྱ་སྒོར་དུང་ཕྱུར་ ༡༠.༩༦ ཟིན་ཡོད་པ་དང་། དེ་བཞིན་སྐྱིད་གྲོང་ཁུལ་གྱི་མཐའ་མཚམས་ཁུལ་དུ་ཁྲོམ་ར་མང་པོ་སྒོ་འབྱེད་བྱས་པ་ཡིས་ད་ལོའི་ལོ་ཕྱེད་ཀྱི་ས་ཁུལ་དེའི་དངོས་ཟོག་ཕྱིར་ཚོང་དང་ནང་འདྲེན་གྱི་རིན་འབབ་རྒྱ་སྒོར་ས་ཡ་ ༡.༣༩ ཡིན་པ་དང་། དེ་ནི་ལོ་རེའི་རིན་འབབ་ལས་བརྒྱ་ཆ་ ༡༡.༨ འཕར་ཡོད་སྐོར་སོགས་བསྒྲགས་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ཁུལ་དུ་ཁྲོམ་ར་མང་པོ་ཆེད་འཛུགས་ཀྱིས་རྒྱལ་སྤྱི་རང་བཞིན་གྱི་ཚོང་ལས་གཉེར་ས་འཛུགས་སྐྲུན་བྱེད་དོན་ནི། རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་བོད་ལྗོངས་ཀྱི་དཔལ་འབྱོར་ཡར་རྒྱས་དང་འཛུགས་སྐྲུན། མཐའ་མཚམས་མི་མང་གིས་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་དབུལ་ཞ་ཕུད་རྒྱུའི་ཆེད་ཡིན་སྐོར་བརྗོད་ཀྱི་ཡོད་ན་ཡང་། རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་ཉམས་ཞིབ་པ་མང་པོས་བོད་ཀྱི་མཐའ་མཚམས་ཁག་ཏུ་ཚོང་ལས་ཁྲོམ་ར་བསྡུ་བཞིན་པ་དེ་ནི་ཐག་ཉེ་རྒྱལ་ཁབ་ཁག་གི་ནང་རྒྱ་ནག་གི་དངོས་ཟོག་དབོར་འདྲེན་དང་། མཐའ་མཚམས་རྒྱ་སྐྱེད་གཏོང་ཐབས་ཀྱི་ལྐོག་ཇུས་ཤིག་ཡིན་པ་དང་། འདས་པའི་ལོ་ཤས་ནས་རྒྱ་ནག་གིས་བལ་ཡུལ་དང་པ་ཀི་སི་ཐན་གྱི་ཁྲོམ་ར་ཡོད་ཚད་རྒྱ་ནག་གི་ཐོན་དངོས་ཀྱིས་ཁེངས་ཐབས་ཁོ་ན་ལག་བསྟར་བྱེད་བཞིན་ཡོད་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༡/༠༢

Leave a Reply

2 thoughts on “བོད་སྐྱིད་གྲོང་དུ་རྒྱལ་སྤྱིའི་ཁྲོམ་ར་ཞིག་སྒོ་ཕྱེས་འདུག

  1. རྒྱ་ནག་གཞུང་ནས་ག་ཚོད་བཤད་ཀྱང་མ་བཤད་ཀྱང་དུས་རྒྱུན་དུ་ཧམ་རྫུན་ཤ་སྟག་བཤད་ཀྱི་ཡོད་པར་བརྟེན་
    ནམ་ཡང་ཡིད་ཆེས་ཡོང་གི་མི་འདུག་
    དྲང་མིན་རྫུན་བཤད་བྱས་ནས་དྲུག་བཅུ་སོང། མགོ་བསྐོར་ཤ་སྟག་བཏང་ནས་དྲུག་བཅུ་སོང།
    མི་སྤྱིའི་རང་དབང་འཕྲོག་ནས་དྲུག་བཅུུ་སོང། ཆོས་མེད་ལས་འབྲས་མེད་པ་དྲུག་བཅུ་སོང།
    ནམ་ཡང་འཆི་རྒྱུ་མིན་པ་མ་བསམ་ཨང། མི་རྟག་འཆི་བ་ཁྲི་ལ་སླེབས་རན་འདུག།

  2. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    ང་ཚོའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་
    སྒྲོམ་གཞིའི་འོག་བསྡད་ནས་མི་རིགས་ས་གནས་རང་སྐྱོང་གི་
    གནས་བབ་ཚད་ལྡན་ཞིག་དགོས་པའི་དགོས་འདུན་སྟོན་ཡོད་
    ན་ད་རྒྱ་ནག་ལ་ཁ་གཏོང་རྒྱུ་དེ་ཁྲིམས་མཐུན་ལ་ངོས་འཛིན་དགོས་པ་
    རེད་དམ་ཁྲིམས་འགལ་ལ་ངོས་འཛིན་དགོས་པ་གསུང་དང་།