གནའ་བོའི་རྒྱ་གར་གྱི་ཚན་རིག་དང་ནུབ་ཕྱོགས་ཚན་རིག་བར་གྱི་བགྲོ་གླེང་།

སེ་ར་བྱེས་སྨད་གཉིས་ཀྱི་ཚན་རིག་སྡེ་ཚན་ཐུན་མོང་ནས་གནའ་བོའི་རྒྱ་གར་གྱི་ཚན་རིག་དང་ནུབ་ཕྱོགས་ཚན་རིག་བར་གྱི་བགྲོ་གླེང་ཚོགས།
དེ་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཀྱི་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་སེར་བྱེས་སྨད་གཉིས་ཀྱི་ཚན་རིག་སྡེ་ཚན་ཐུན་མོང་གོ་སྒྲིག་འོག སེ་ར་ཐེག་ཆེན་གླིང་སེར་བྱེས་བཀྲིས་ཆོས་གླིང་ཚོགས་ཁང་ནང་དུ་གནའ་བོའི་རྒྱ་གར་གྱི་ཚན་རིག་དང་ནུབ་ཕྱོགས་ཚན་རིག་བར་གྱི་བགྲོ་གླེང་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གཉིས་རིང་གི་བགྲོ་གླེང་ཞིག་དབུ་འཛུགས་གནང་ཡོད་པ་རེད།

བགྲོ་གླེང་གི་གསུང་བཤད་གནང་མཁན་གཙོ་བོ་སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་དང་སེ་ར་བྱེས་ཀྱི་ཚན་རིག་སློབ་གཉེར་བ་དགེ་འདུན་པ་གཉིས། ནུབ་ཕྱོགས་པའི་ཚན་རིག་མཁས་ཅན་གཉིས་དང་རྒྱ་གར་བའི་དེང་དུས་ཚན་རིག་མཁས་དབང་གཉིས་བཅས་ཕེབས་ཡོད་པ་དང་། བགྲོ་གླེང་ནང་སེ་ར་བྱེས་སྨད་གཉིས་ནས་དགེ་བཤེ་ལྷ་རམས་པ་༢༠ རེ་དང་དབུ་མ་འཛིན་གྲྭ་ཡན་ཆད་ཀྱི་སློབ་གཉེར་བ། དེ་བཞིན་སེར་བྱེས་འབྲིང་རིམ་སློབ་གྲྭའི་འཛིན་རིམ་དགུ་པ་དང་བཅུ་པའི་སློབ་ཕྲུག་བཅས་ཁྱོམ་མི་གྲངས་ ༡༥༠ མཉམ་ཞུགས་གནང་འདུག དེ་རིང་ཉིན་དང་པོར་སེར་བྱེས་མཁན་རིན་པོ་ཆེ་བསྟན་འཛིན་བྱམས་པ་ཆོས་བཟང་རིན་པོ་ཆེ་མཆོག་གིས་ནང་པའི་གཞུང་ནས་གསུངས་པའི་སྒོམ་གྱི་ངོ་བོའི་སྐོར་ལ་སྤྱི་བཤད་གནང་ཡོད་པ་དང་། སེར་སྨད་མཁན་རིན་པོ་ཆེ་དགེ་བཤེས་ལྷུན་གྲུབ་དཔལ་འབར་མཆོག་གིས་སྒོམ་གྱི་ནང་གསེས་དཔྱད་སྒོམ་དང་འཇོག་སྐོར། དེ་བཞིན་རིགས་ལམ་གྱི་རྩོད་པ་དེ་དཔྱད་སྒོམ་ཁོངས་སུ་གཏོགས་ཀྱི་ཡོད་མེད་སྐོར་གསུང་བཤད་གནང་ཡོད་པ་རེད།

བགྲོ་གླེང་གོ་སྒྲིག་འགན་ཁུར་བ་སེར་བྱེས་ཚན་རིག་སྡེ་ཚན་གྱི་འགན་འཛིན་རྒན་ངག་དབང་ནོར་བུ་ལགས་ཀྱིས་འདི་གའི་གསར་འགོད་པར། ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་སྒོམ་གྱི་སྐོར་ལ་བགྲོ་གླེང་གནང་དགོས་པའི་དམིགས་ཡུལ་ནི་ནང་ཆོས་དང་ནུབ་ཕྱོགས་ཚན་རིག་པའི་བར་ཕན་ཚུལ་བསམ་ཚུལ་བརྗེ་ལེན་དང་བློ་སྐྱེད་འཕེལ་ཐབས་ཆེད་དུ་ཡིན་ཞེས་གསུངས་བྱུང་ལ། ལོ་རྗེས་མར་བགྲོ་གླེང་འདི་གཞི་རྒྱ་ཆེན་པོ་ཞིག་འཚོགས་འཆར་འདུག

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༨/༡༡/༠༣

Leave a Reply