སྤྱི་བདེ་ལས་ཁུངས་ཀྱི་མགོ་གཙོ་གཞོན་པས་རང་སྲོག་བཅད།

ནང་སོག་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་མགོ་གཙོ་གཞོན་པས་རང་སྲོག་བཅད་ཡོད་པ་དང་ཧྲན་ཤི་ཞིང་ཆེན་དམར་ཤོག་ཚོགས་པའི་རྒྱུན་ལས་དང་དྲུང་ཡིག་ཆེན་མོར་ཞིབ་བཤེར་བྱེད་ཀྱི་ཡོད་འདུགརྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ད་ལྟའི་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་ནང་སོག་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་མགོ་འཁྲིད་གཞོན་པ་དང་། ནང་སོག་ཧུའོ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ལི་ཀྲི་པིན(李志斌)གྱིས་རང་སྲོག་བཅད་ཡོད་པ་དང་།  རྒྱ་ནག་གཞུང་ཕྱོགས་ནས་ཁོས་རང་སྲོག་གཅོད་དགོས་པའི་རྒྱུ་མཚན་གསལ་ཁ་མེད་སྐོར་བརྗོད་ཡོད་འདུག

ཁོང་གིས་རང་སྲོག་མ་བཅད་པའི་སྔོན་གྱི་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན། ནང་སོག་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་རྒྱུན་ལས་ཟུར་བ་དང་། སྤྱི་བདེ་ལས་ཁུངས་ཀྱི་མགོ་འཛིན་གཞོན་པ་ཟུར་བ་མཱེན་ཇཱན་ཝེ(Meng Jianwei)དང་ལ་ཞིབ་བཤེར་དང་། ཕྱི་ཚེས་ ༢༩ ཉིན་ནག་སོག་རང་སྐྱོང་ལྗོངས་ཧུའོ་ཧོ་ཧའོ་ཐེ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་རྒྱུན་ལས་གཞོན་པ་ཏུའུ་པའོ་ཅུན་ (Du Baojun) འཛིན་བཟུང་བརྡ་ཁྱབ་བཏང་ཡོད་པ་དང་། མང་པོ་ཞིག་གིས་ལི་ཀྲི་པིན་ཁོ་གཉིས་དང་འབྲེལ་བ་ཡོད་པའི་དོགས་གཞི་བྱེད་ཀྱི་ཡོད་འདུག

ལི་ཀྲི་པིན་ནི་ཕྱི་ལོ ༡༩༦༧ ལོར་སྐྱེས་ཤིང་མི་རིགས་རྒྱ་རིགས་ཡིན་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་སློབ་ཆེན་ནས་སློབ་མཐར་ཕྱིན་ཡོད་པ་དང་། ཕྱི་ལོ ༡༩༩༣ ལོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ནང་དུ་འཛུལ་ཞུགས་ཀྱིས་ད་བར་ནང་སོག་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་གཙོའི་ལས་གནས་འདྲ་མིན་སྟེང་གོམ་པ་རིམ་འཛེགས་ཀྱིས་སྤྱི་བདེ་ལས་ཁུངས་ཀྱི་མགོ་འཁྲིད་གཞོན་པར་བསླེབས་ཡོད་འདུག

གཞན་རྒྱ་ནག་ཧྲན་ཤི་ཞིང་ཆེན་དམར་ཤོག་ཚོགས་པའི་རྒྱུན་ལས་དང་དྲུང་ཡིག་ཆེན་མོ་ཆན་ཡིང་ཨན་(钱引安)གྱིས་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་བརྟག་དཔྱད་དང་འདྲི་རྩད་བྱེད་བཞིན་ཡོད་པ་དང་། ཁོང་ནི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཏེངས་ ༡༩་པ་ཚོགས་ནས་ཞིང་ཆེན་གྱི་མགོ་འཁྲིད་ཅིག་ལ་འདྲི་རྩད་དང་གནད་དོན་བྱུང་བ་ཐེངས་དང་པོ་དེ་ཡིན་འདུག ཐེངས་འདིར་ཁོ་ལ་ཞིབ་བཤེར་བྱ་དགོས་པའི་གནད་དོན་ཅི་ཡིན་བསྒྲགས་མི་འདུག

ཆན་ཡིང་ཨན་ནི་ཕྱི་ལོ་ ༡༩༦༤ ལོར་ ཧྲན་ཤི་ཞི་ཨན་སྐྱེས་ཤིང་། དམར་ཤོག་ཚོགས་པའིོ་ཆབ་སྲིད་སློབ་ཆེན་ནས་དཔལ་འབྱོར་རིག་པའི་རམ་འབྱམས་པའི་སློབ་མཐར་ཕྱིན་ཡོད་པ་དང་། ཕྱི་ལོ་ ༡༩༨༣ ལོ་ནས་དམར་ཤོག་ཚོགས་པའི་ལས་གནས་སུ་ཞུགས་ཡོད་འདུག ཁོས་སྔ་རྗེས་སུ་ ཧྲན་ཤི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་པཱ་ཆའོ་ཡི་དམར་ཤོག་རྒྱུན་ལས་དང་མགོ་གཙོ་གཞོན་པ། ཁྲང་ཨན་རྫོང་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་དང་རྫོང་དཔོན་སོགས་ཀྱི་ལས་འགན་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༢༧ ལོའི་ཟླ་ ༦ པ་ནས་ཧྲན་ཤི་ཞིང་ཆེན་རྒྱུན་ལས་ལྷན་ཁང་གི་རྒྱུན་ལས་དང་།   ཞིང་ཆེན་དམར་ཤོག་རྒྱུན་ལས་ལྷན་ཁང་གི་དྲུང་ཡིག་ཆེན་མོ་བཅས་ཀྱི་འགན་ཁུར་ཡོད་འདུག

ཞི་ཅིན་ཕིན་གྱིས་ཕྱི་ལོ་ ༢༠༡༢ ལོར་སྲིད་དབང་བཟུང་བ་ནས་ལོ་ལྟར་སྲིད་གཞུང་གི་དཔོན་རིགས་རང་ཤི་བརྒྱབ་མཁན་གྱི་གྲངས་འབོར་ཇེ་མང་ནས་ཇེ་མང་དུ་སོང་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་སྡེ་ཚན་གྱི་མགོ་འཁྲིད་གཞོན་པ་ཡན་གྱི་དཔོན་རིགས་ ༡༥༠༠ ཡིས་རང་ཤི་བརྒྱབས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་སྡེ་ཚན་གྱི་མགོ་འཁྲིད་གཞོན་པ་ཡན་གྱི་དཔོན་རིགས་ ༡༧༠༠ ཡིས་རང་ཤི་བརྒྱབས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༡/༠༤

Leave a Reply