༄༅། །ཉེ་ཆར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག སྤྱི་འཐུས་མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས་ནས་༸སྐྱབས་མགོན་རིན་པོ་ཆེས་གསུངས་བཞག་པ་ཚང་མ་བཀའ་རེད་ཟེར་ནས་སྒྲུབ་དགོས་པ་ཞིག་རྩ་བ་ནས་མི་འདུག་ཅེས་བརྗོད་འདུག་པ་དེ་ནི་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ས་ཡ་དྲུག་ཙམ་མ་ཟད། འཛམ་གླིང་ནང་༸གོང་ས་མཆོག་ལ་དད་གུས་ཞུ་མཁན་མི་འབོར་གྲངས་ལས་འདས་པ་རྣམས་ལ་བློ་ཕམ་ཤིན་ཏུ་སྐྱེས་གཞི་དང་། བཀྲིན་ལ་བསམ་ཤེས་མེད་པའི་གཏམ་རང་རེད། ང་ཚོས་དྲན་ཤེས་དགོས་པ་ཞིག་ལ་རང་རེ་བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་སླེབས་ནས་མི་ལོ་ ༦༠ ཙམ་གྱི་རིང་། སྐྱབས་བཅོལ་བ་གཞན། ཨབ་གྷ་ནི་སི་ཐན་དང་། སྦང་ལ་དྷེ་ཤེ། ཤྲི་ལང་ཀ་སོགས་ནས་སྐྱབས་བཅོལ་བ་མང་པོ་མཐོང་རྒྱུ་ཡོད་ཀྱང་། སུ་ལ་ཡང་སྐྱབས་བཅོལ་གཞུང་འདུག་གམ། ཤེས་ཡོན་ཆེད་ཟུར་བཙུགས་སློབ་གྲྭ་འདུག་གམ། དགེ་འདུན་གྱི་སྡེ་དགོན་པ་འདུག་གམ། མཐུན་རྐྱེན་གང་ལེགས་ཡོད་པའི་གཞིས་ཆགས་དང་། ཆོས་སྲིད་གཉིས་ལྡན་གྱི་མང་གཙོའི་ལམ་སྲོལ་གཞུང་སོགས་རང་རེའི་བོད་མི་བཙན་བྱོལ་བ་ལ་ཡོད་པ་བཞིན་སུ་ལ་ཡང་མེད། དེ་བཞིན་བོད་མི་བཙན་བྱོལ་བ་རྣམས་ཀྱི་གནས་སྟངས་ཡང་ཧ་ཅང་ཡར་རྒྱས་ཕྱིན་ཟིན་པ་ནི་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ལས་གཞན་སུས་ཀྱང་འཇོན་བཞག་པ་མེད་པ་ཚང་མས་མཁྱེན་གསལ་རེད། ཡང་སྤྱི་འཐུས་ཁོང་རང་ཉིད་འདེམས་ཐོན་ཡོང་ཁོངས་དཔལ་ས་སྐྱ་ཆོས་ལུགས་ཀྱི་བླ་ཆེན་འཁོན་རིགས་བསྟན་པའི་སྲོག་ཤིང་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་དུས་རྒྱུན་ནས་༸གོང་ས་མཆོག་གི་བཀའ་དྲིན་དང་བཀའ་ལ་བརྩི་བཀུར་དགོས་པའི་བཀའ་སློབ་ཡང་ཡང་གནང་བ་དེ་ཚོ་གོ་ཐོས་མེད་པ་ཡིན་ནམ། དེ་སྔོན་ཡང་སྤྱི་འཐུས་ཁོང་ནས་སྤྱི་ཚོགས་ནང་བརྡབ་གསིག་བྱུང་བ་བསྐྱར་དུ་དྲན་བསྐུལ་བྱུང་སོང་། དེ་ནི་ནམ་རྒྱུན་སྤྱི་འཐུས་རྣམས་ནས་འཚམས་གཟིགས་སྐབས་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དགོས་པ་གལ་ཆེ་ཡིན་སྐོར་འབོད་སྐུལ་བཀའ་སློབ་གནང་སྲོལ་དང་འགན་དབང་ཡིན་ཡང་། ད་ལམ་སྤྱི་འཐུས་ཁོང་ནས་དེ་ལས་ལྡོག་ཏེ། དྭང་སློབ་ལས་ཟུར་རྣམས་ལ་དམའ་འབེབས་མཐོང་ཆུང་གིས་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༣༠ ཉིན་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་འཚམས་གཟིགས་སྐབས་གཤམ་གསལ་གཏམ་བཤད་འདི་འདྲ་གནང་འདུག
༡༽ དམག་སྒར་ཨང་ ༢༢ ཀྱི་དྭང་ཟུར་དམག་མི་རྣམས་བོད་མིའི་རྩ་དོན་ཐད་ཕན་ཐོགས་གང་ཡང་མེད་པ།
༢༽དམག་སྒར་ ༢༢ ནང་ཞབས་ཞུ་ཞུ་མཁན་རྣམས་སོ་སོའི་གྲོད་ཁོག་ཁོ་ནའི་དོན་དུ་ཡིན་པ།
༣༽༸གོང་ས་མཆོག་གི་སྐུ་སྲུང་ཡང་གྲྭ་ཚང་ཁག་ནས་གནང་བཞིན་པ་ལས་དམག་སྒར་ ༢༢ ཀྱི་ཐེ་བྱུས་མེད་པ།
༤༽དམག་སྒར་ཨང་ ༢༢ ནང་ཞབས་ཞུ་ཞུ་བཞིན་པའི་དྭང་ཞབས་པ་དང་། དྭང་ཟུར་བ་རྣམས་ནས་རང་ཉིད་ཆེད་ཁང་པ་རྫིག་པོ་ཐོག་རྩེག་ཉིས་ཐོག་ཅན་བརྒྱབ་པ་དང་། རླངས་འཁོར་ཉོས་པ་ཙམ་ལས་གཞིས་ཆགས་ནང་ཉམ་ཐག་རྣམས་ལ་ལྟ་སྐྱོང་རོགས་ཕན་གང་ཡང་བྱེད་ཀྱི་མེད་པ་སོགས་འགན་མེད་པའི་གཏམ་བཤད་གནང་བ་ནི་ཁོ་རང་ཉིད་ལ་མཐོང་ཐོས་ཉམས་མྱོང་དམན་པས་ཡིན་སྲིད། དྭང་སློབ་དབུ་བརྙེས་ནས་བཟུང་ད་བར་བོད་མིའི་རྩ་དོན་ཐོག་ལས་དོན་ཧ་ཅང་མང་པོ་ཞུས་ཡོད་ཀྱང་། རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་ཆགས་ལ་བརྟེན་གསལ་བསྒྲགས་ཞུ་སྲོལ་མེད་ལ། འདིར་འབྲི་དགོས་རྒྱུ་མཚན་ཡང་མ་མཐོང་མོད། དཔེ་མཚོན་ལྟ་བུར་ཚིག་རེ་གཉིས་ཞུས་ན། དྭང་ཟུར་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་བོད་རང་བཙན་དོན་དུ་རང་ལུས་མཆོད་མེར་ཕུལ་བ་དང་། དྭང་ཟུར་ཟླ་བ་ཚེ་རིང་ལགས་ཀྱི་བོད་མིའི་རྩ་དོན་སླད་ཟས་བཅད་ངོ་རྒོལ་གྱིས་ལས་འགུལ་གནང་བ་གཙོས་ངོ་རྒོལ་རིམ་པའི་ནང་དྭང་ཟུར་མེད་པ་གཅིག་ཀྱང་མེད་པས་དེ་རྣམས་རྩ་དོན་དང་ཆབ་སྲིད་ལ་ཕན་ཐོགས་མེད་ཡིན་ནམ། དཔལ་འབྱོར་ཐོག་ཕྱི་ལོ་ ༡༩༧༢ ལོར་བོད་མིའི་དྭང་བླང་དཔྱ་ཁྲལ་གཏན་འབེབས་མ་བྱུང་སྔོན་ནས་དྭང་སློབ་དབུ་བརྙེས་ནས་རིང་པོར་མ་སོང་བར་དྭང་སློབ་མི་རེ་རེ་ནས་ཟླ་རེར་ཧིན་སྒོར་ ༢ (TIBETAN CHILDREN EDUCATION FUND) TCEF ཆེད་རང་གཞུང་ཤེས་རིག་ལྷན་ཁང་བརྒྱུད་འབུལ་སྲོལ་ཡོད་པ་དེང་སྐབས་སྒོར་ ༢༠༠ ཙམ་དང་འདྲ་བ་དང་། དཔྱ་ཁྲལ་གཏན་འབེབས་རྗེས་བོད་མི་སྤྱི་མཚུངས་ལྟར་ཕོགས་ཐོབ་ཀྱི་བརྒྱ་ཆའི་གཏན་འབེབས་བཞིན་འབུལ་ལམ་ཞུ་དང་ཞུས་མུས་ལྟར་དངུལ་འབོར་ཡང་ཆེ་ཤོས་གྲས་ཆགས་ཡོད། དེ་བཞིན་ལོ་ལྟར་མཧ་གུ་རུའི་འབུམ་ཚོགས་སོགས་བསྟན་སྲིད་སྤྱིའི་ཞབས་རིམ་སྒྲུབ་རྒྱུའི་ཐད་ལ་ཡང་རྗེས་ལུས་མེད་པས་དེ་རྣམས་སོ་སོའི་འཚོ་བའི་དོན་དུ་ཡིན་ནམ་སྐུའི་སྲུང་བྱའི་ཐོག་གཙོ་བོ་རྒྱ་གར་གཞུང་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་ད་ཕན་འཐུས་ཤོར་གང་ཡང་ཕྱིན་མེད་ཀྱང་གལ་པོ་ཆེ་ལ་ནན་ཏན་ལྟར། དུས་འཁོར་དབང་ཆེན་སོགས་མི་མང་འདུ་འཛོམས་ཆེ་བའི་སྐབས་དགོས་གལ་ནམ་བྱུང་ལ་བདེ་སྲུང་ལྷན་ཁང་གི་བཀའ་འབྲེལ་ལྟར་མི་འགྲོ་འཕར་མ་ཞུས་དང་ཞུ་མུས་བཅས། གོང་གསལ་དྭང་སློབ་ལས་ཟུར་རྣམས་ནས་ལས་དོན་ཞུས་པ་སྙིང་བསྡུས་ཙམ་དང་། ཡང་གཞིས་ཆགས་ནང་ཁང་པ་དང་སྦག་སྦག་རྫིག་པོ་ཡོད་མཁན་ཚང་མ་ཕྱི་རྒྱལ་ལ་ནང་མི་ཡོད་པ་དང་། དྭང་སློབ་ཡིན་ལུགས་གསུང་འདུག་པས་དེང་སྐབས་དྭང་སློབ་རྩ་དགོངས་ལ་ཕེབས་མཁན་རྣམས་ཀྱི་གནས་སྟངས་གང་ཙམ་ཡག་པོ་ཡོད་པ་ལས་དེ་སྔོན་དྭང་སློབ་རྒན་གྲས་རྣམས་བོད་མིའི་སྤྱི་ཚོགས་ནང་དཔོལ་འབྱོར་ཐོག་རྗེས་ལུས་སུ་ཐེབས་པ་ཡོངས་གྲགས་དང་། ༸གོང་ས་མཆོག་གིས་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ས་གནས་མང་པོའི་ནང་རྒས་གསོ་ཁང་བཙུགས་ཡོད་པ་དེ་དག་ནང་བརྒྱ་ཆ་ ༨༠ ཙམ་དྭང་ཟུར་རྒན་གྲས་རྣམས་ཡིན་ཞིང་། ལར་ནས་ཕྱི་རྒྱལ་ལ་ནང་མི་ཡོད་པ་དང་། དྭང་སློབ་ཚོས་རང་གི་དཀའ་ལས་བརྒྱབས་པའི་གྲུབ་འབྲས་དཔལ་འབྱོར་ཡར་རྒྱས་ཕྲན་བུ་ཕྱིན་པར་དགའ་བསུ་ཞུ་འོས་པ་ལས་མིག་ཚ་དགོས་དོན་མེད། གོང་གསལ་གནས་ལུགས་རྣམས་དྭང་ཟུར་དབུས་རྒྱུན་ལས་དང་ས་གནས་རྒྱུན་ལས་གཞན་མི་སྒེར་སོགས་ནས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དབུས་རྒྱུན་ལས་ཁང་དུ་སྙན་ཞུ་དང་ངོ་བཤུས་འབྲེལ་ཡོད་ལྷན་ཁང་ཁག་ལ་ཕུལ་ཡང་བཟང་ངན་ཕྱག་བསྟར་གང་ཡང་གནང་མ་སོང་ངོ་།
ར་སྤུར་གནས་སྡོད་དྭང་སློབ་འགོ་འཛིན་ཟླ་བ་ཤོར་ཡ་ལྕགས་ར།
མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་བསམ་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།