མང་མོས་འོས་བསྡུར་རྒྱལ་ཁ་ཐོབ་མེད་འདུག

ཁེ་ལེ་ཌོ་ནི་ཡཱ་མཚོ་གླིང་གིས་མང་མོས་ཐག་གཅོད་འོས་བསྡུ་བརྒྱུད་སྔར་བཞིན་ཧྥ་རན་སིའི་མངའ་འོག་ནས་འདུག་རྒྱུ་ཡིན་པའི་ཐག་གཅོད་བྱས་འདུག
དེ་རིང་ཕྱི་ཚེས་ ༤ ཉིན། བྷེ་བྷེ་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་ནེའུ་ཁེ་ལེ་ཌོ་ནི་ཡཱ་(New Caledonia)མཚོ་གླིང་ཧྥ་རན་སིའི་མངའ་ཁོངས་ནས་བུད་དེ་རང་བཙན་གྱི་རྒྱལ་ཁབ་བྱེད་མིན་གྱི་མང་མོས་ཐག་གཅོད་འོས་བསྡུ་བྱས་ཡོད་པ་དང་། འོས་བསྡུའི་གྲུབ་འབྲས་ཁྲོད་རང་བཙན་བྱེད་འདོད་མཁན་བརྒྱ་ཆ་ ༤༣།༦ དང་། ཧྥ་རན་སིའི་མངའ་ཁོངས་ནས་འདུག་འདོད་མཁན་བརྒྱ་ཆ་ ༥༦།༤ བྱུང་སྟེ། ནེའུ་ཁེ་ལེ་ཌོ་ནི་ཡཱ་སྔར་བཞིན་ཧྥ་རན་སིའི་མངའ་ཁོངས་ནས་འདུག་རྒྱུ་ཡིན་འདུག

ཧྥ་རན་སིའི་སྲིད་འཛིན་ཨེ་མེ་ཎུལ་མེ་ཁོ་རོན་(Emmanuel Macron)གྱིས་མཐའ་མཇུག་དེར་ང་ཚོས་མཉམ་རུབ་ཀྱི་ཐོག་ནས་ལོ་རྒྱུས་རང་བཞིན་ལྡན་པའི་ཐག་གཅོད་འདི་བྱེད་ཐུབ་ཡོད་པ་དང་། འདིས་ཁེ་ལི་ཌོ་ནི་ཡཱ་མི་མང་རྣམས་ཧྥ་རན་སི་རྒྱལ་ཁབ་ལ་ཡིད་ཆེས་ཡོད་པ་མཚོན་གྱི་ཡོད། ཅེས་བརྗོད་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་སྐབས་ས་གནས་གསར་ཁང་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། འོས་བསྡུའི་སྐབས་ཟིང་འཁྲུག་བྱུང་མེད་ན་ཡང་། འོས་བསྡུ་ཚར་རྗེས་ཁེ་ལེ་ཌོ་ནི་ཡཱའི་རྒྱལ་ས་ཎོ་མི་ཡཱ་(Noumea)རུ་ཚོང་ཁང་དང་འཁོར་རིགས་རྣམས་མེར་བསྲེག་བཏང་བ་དང་། ངོ་རྒོལ་བ་སྐོར་ཞིག་གིས་གཞུང་ལམ་བཀག་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་སྐོར་འཁོད་འདུག

ཁེ་ལེ་ཌོ་ནི་ཡཱ་ནི་ཨོ་སི་ཊོ་ལི་ཡའི་ཤར་ཕྱོགས་ཀྱི་ཧྥ་རན་སིའི་སྐམ་ས་ཆེན་མོ་དང་ལེ་དབར་མང་པོའི་མཚོ་གླིང་ཞིག་ཏུ་ཡོད་པ་དང་། མཚོ་གླིང་དེ་ཕྱི་ལོ་ ༡༨༥༣ ལོར་ཧྥ་རན་སིའི་མངའ་ཁོངས་སུ་བསྡུས་ཏེ་ཧྥ་རན་སིའི་དབུས་གཞུང་གི་སྟངས་འཛིན་འོག་གནས་མུས་ཡིན་པ་དང་། མཚོ་གླིང་དེར་ལྕགས་རིགས་ལ་གཡའ་རྩ་མི་ཕོག་པའི་བཤའ་དཀར་(Nickel)ཞེས་པའི་རང་བྱུང་རྫས་ཀྱི་གཏེར་ཁ་ཕོན་ཆེན་ཡོད་པ་ཤེས་རྟོགས་བྱུང་རྗེས། ཧྥ་རན་སི་གཞུང་ནས་བཤའ་དཀར་སྔོག་འདོན་ཆེད་བཟོ་གྲྭ་མང་པོ་འཛུགས་བསྐྲུན་བྱས་ཡོད་པ་དང་། ད་ལྟའི་ཆར་ཁེ་ལེ་ཌོ་ནི་ཡཱ་ཡིས་འཛམ་གླིང་གི་བཤའ་དཀར་བརྒྱ་ཆ་ ༡༠ ལྷག་མཁོ་འདོན་བྱེད་ཀྱི་ཡོད་འདུག
ཕྱི་ལོ་ ༢༠༡༧ ལོའི་ཧྥ་རན་སའི་མི་འབོར་ཞིབ་གཤེར་ལྟར་ན། ནིའུ་ཁེ་ལེ་ཌོ་ནི་ཡཱ་མཚོ་གླིང་ནང་མི་འབོར་ ༢༦༨,༠༠༠ ཡོད་པ་ལས་བརྒྱ་ཆ་ ༣༩།༡ ཁུལ་དེའི་ནང་ས་སྐྱེས་རྡོ་སྐྱེས་ཀྱི་ཀཱ་ནཱག་མི་རིགས་ཡིན་པ་དང་། བརྒྱ་ཆ་ ༢༧།༡ ཡུ་རོབ་མི་རིགས་ཡིན་འདུག ཐེངས་འདིའི་མང་མོས་ཐག་གཅོད་འོས་བསྡུའི་ཁྲོད་ཁྱོན་མི་གྲངས་ ༡༧༥,༠༠༠ ལྷག་མཉམ་ཞུགས་བྱས་ཡོད་པ་ལས། ཀཱ་ནཱག་མི་རིགས་ཕལ་ཆེ་བས་ཧྥ་རན་སི་ནས་ཕྱིར་འདོན་གྱིས་རང་བཙན་གྱི་རྒྱལ་ཁབ་ཅིག་བྱ་འདོད་ཡོད་ཀྱང་། ཁུལ་དེར་གནས་སྡོད་བྱེད་བཞིན་པའི་ཡུ་རོབ་མི་རིགས་དང་མི་འབོར་གྱི་གསུམ་ཆ་གཅིག་ཙམ་ཟིན་པའི་མི་རིགས་གཞན་དག་ཧྥ་རན་སི་ནས་ཕྱིར་འདོན་རྒྱུར་འདོད་པ་བྱེད་ཀྱི་མེད་པས་འོས་ཤོར་བ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

ཕྱི་ལོ་  ༡༨༧༨ ལོར་ཡུལ་དེའི་ཀཱ་ནཱག་མི་རིགས་ཀྱིས་རང་གི་ས་གཞི་བརླག་པ་དང་། དཔལ་འབྱོར་གྱི་འདྲ་མཉམ་མེད་པའི་གནས་སྟངས་སོགས་ཀྱིས་ཧྥ་རན་སི་གཞུང་ལ་ངོ་རྒོལ་བྱེད་མགོ་བརྩམས་ཡོད་པ་དང་། ཕྱི་ལོ་ ༡༩༨༠ ནང་ཀཱ་ནཱག་མི་རིགས་ཀྱིས་རང་བཙན་དགོས་པའི་རེ་འདོད་ཤུགས་ཆེར་ཕྱིན་ཏེ། ཧྥ་རན་སི་གཞུང་ལ་དངོས་སུ་དྲག་རྒོལ་གྱིས་ཕྱོགས་གཉིས་ཀའི་མི་ལ་ཤི་རྨས་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༨༨ ལོར་ཁེ་ལེ་ཌོ་ནི་ཡཱ་ཡིས་དྲག་སྤྱོད་ཟིང་འཁྲུག་མཚམས་འཇོག་བྱེད་ཆེད་ཧྥ་རན་སི་དང་ལོགས་བཀར་བྱེད་རྒྱུའི་མང་མོས་ཐག་གཅོད་འོས་བསྡུ་བྱེད་རྒྱུ་དང་། འོས་བསྡུའི་རྗེས་སུ་ལ་རྒྱལ་ཁ་ཐོབ་ན་ཡང་ལོ་བཅུའི་ནང་ཚུད་དུ་ཟིང་འཁྲུག་མི་ལངས་རྒྱུ་ཐག་གཅོད་ཀྱིས་རང་བཙན་མི་འདོད་མཁན་ཚོར་རྒྱལ་ཁ་ཐོབ་སྟེ། ལོ་ ༡༠ རིང་ཁུལ་དེར་ཟིང་འཁུག་སོགས་མེད་པར་ཞི་འཇགས་ངང་བསྡད་ཡོད་འདུག

ཕྱི་ལོ་ ༡༩༩༨ ལོར་ཧྥ་རན་སི་དབུས་གཞུང་དང་ཁེ་ལེ་ཌོ་ནི་ཡཱའི་རང་བཙན་དོན་གཉེར་བའི་བར་ནོ་མི་ཡཱ་ཆིངས་ཡིག་(Noumea Accord)ཞེས་པ་བཞག་སྟེ། ལོ་ངོ་ ༢༠ ནང་དབུས་གཞུང་གི་དབང་ཆ་རྣམས་རིམ་པས་ས་གནས་གཞུང་ལ་རྩིས་སྤྲོད་དང་མང་མོས་ཐག་གཅོད་འོས་བསྡུ་དེ་ཕྱིར་འགྱངས་བྱས་ཏེ། ཕྱི་ལོ་ ༢༠༡༤ ནས་ ༢༠༡༩ བར་འོས་བསྡུ་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༦ ལོར་ཧྥ་རན་སི་གྲོས་ཚོགས་ནས་ལོ་འདིར་ཁེ་ལེ་ཌོ་ནི་ཡཱ་ཧྥ་རན་སི་ནས་ཕྱིར་འབུད་ཀྱི་མང་མོས་ཐག་གཅོད་འོས་བསྡུ་བསྡུ་རྒྱུའི་ཁྲིམས་འཆར་གཏན་འབེབ་བྱས་ཡོད་འདུག

ཐེངས་འདིའི་མང་མོས་ཐག་གཅོད་འོས་བསྡུའི་སྐབས་ཁེ་ལེ་ཌོ་ནི་ཡཱའི་རང་བཙན་དོན་གཉེར་བ་རྣམས་ལ་ཕམ་ཁ་བྱུང་ཡོད་ཀྱང་། ཆིངས་ཡིག་གཞིར་བཟུང་གྲོས་ཚོགས་ཀྱི་མང་མོས་རྒྱབ་སྐྱོར་འོག ཕྱི་ལོ་ ༢༠༢༢ བར་ད་དུང་རང་བཙན་གྱི་མང་མོས་ཐག་གཅོད་འོས་བསྡུ་ཐེངས་གཉིས་བསྡུ་ཆོག་གི་ཡོད་སྟབས། ཁེ་ལེ་ཌོ་ནི་ཡཱ་གཏན་དུ་ཧྥ་རན་སིའི་ཁོངས་སུ་འདུག་རྒྱུར་ངེས་གཏན་མེད་འདུག

པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༡/༠༥

Leave a Reply