སློབ་ཕྲུག་ ༧༩ བཙན་འཁྲིད་བྱས།

ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁ་མི་རོན་གྱི་སློབ་འབྲིང་ཞིག་གི་སློབ་སྤྱི་དང་དགེ་ལས་སློབ་ཕྲུག་བཅས་མི་གྲངས་ ༨༢ དྲག་སྤྱོད་པས་བཙན་འཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་དབུས་ཨ་ཧྥེ་རི་ཁའི་ཁ་མི་རོན་(Cameroon)རྒྱལ་ཁབ་ཀྱི་བྱང་ནུབ་ས་ཁུལ་བྷ་མན་ཌ་(Bamenda)རུ་ཡོད་པའི་པེ་རི་བྷ་ཊི་ཡན་(Presbyterian)ཞེས་པའི་སློབ་འབྲིང་ཞིག་གློ་བུར་དུ་དྲག་སྤྱོད་པས་བསྐོར་ཏེ། སློབ་གྲྭ་དེའི་སློབ་སྤྱི་དང་དགེ་རྒན་གཅིག སློབ་གྲྭའི་ཁ་ལོ་བ། དེ་བཞིན་སློབ་ཕྲུག་ ༧༩ བཅས་ཁྱོན་དགེ་ལས་སློབ་ཕྲུག་ ༨༢ བཙན་འཁྲིད་བྱས་ཡོད་པ་དང་། གནས་ཚུལ་བྱུང་རྗེས་ས་གནས་སྲིད་གཞུང་དང་དམག་མིའི་སྡེ་ཁག་གཉིས་ཀྱིས་ཛ་དྲག་ཚོགས་འདུ་བསྐོངས་ཏེ། ད་ལྟའི་ཆར་ས་གནས་སྲིད་གཞུང་གི་ཚད་མཐོའི་མཁའ་དམག་ཚན་པ་(BIR)དང་ཉེན་རྟོག་རུ་ཁག དེ་བཞིན། ས་གནས་སྐྱེས་པ་བཅས་མཉམ་རུབ་ཀྱིས་འཚོལ་ཞིབ་བྱེད་བཞིན་ཡོད་འདུག

ས་གནས་སྲིད་གཞུང་གི་མགྲིན་ཚབ་པ་བྷ་གྷི་ནེ་(Begne)ལགས་ཀྱིས། དྲག་སྤྱོད་པ་སློབ་གྲྭའི་ནང་འཛུལ་ཏེ་སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་ནང་ཁ་ལོ་བ་དང་སློབ་ཕྲུག་ཚོ་བཙན་འཁྲིད་བྱས་ཡོད་ཀྱང་། རིང་པོ་མ་འགོར་བར་ཁ་ལོ་བས་རླངས་འཁོར་ལ་སྐྱོན་ཤོར་ཡོད་སྐོར་བརྗོད་དེ་སློབ་ཕྲུག་རྣམས་རྐང་ཐང་དུ་འཁྲིད་ཡོད་པ་དང་།  ད་ལྟ་ང་ཚོས་བཙན་འཁྲིད་བྱས་པའི་བྱིས་པ་རྣམས་འཚོལ་ཞིབ་བྱེད་བཞིན་ཡོད་ནའང་། དྲག་སྤྱོད་རུ་ཁག་དེ་ཚོ་སུ་ཡིན་པ་དང་ཕྱོགས་ཁག་གང་ནས་ཡིན་མིན་སོགས་ཀྱི་གནས་ཚུལ་ཁ་གསལ་གང་ཡང་ཤེས་ཀྱི་མེད་སྟབས།  བྱིས་པ་ཚོ་གང་མགྱོགས་རྙེད་ཐུབ་རྒྱུ་ཁག་པོ་ཡིན་ཡང་གང་ཐུབ་ཀྱིས་བྱིས་པ་ཚོ་རྙེད་ཐུབ་པའི་རེ་བ་རྒྱག་གི་ཡོད། ཅེས་བརྗོད་ཡོད་པ་རེད།

བཙན་འཁྲིད་བྱས་པའི་སློབ་ཕྲུག་ཚོའི་ཕ་མ་རྣམས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་དང་། སློབ་ཕྲུག་ཅིག་གི་ཨ་མས་བཙན་འཁྲིད་ཀྱི་གནས་ཚུལ་ཐོས་མ་ཐག་ང་སློབ་གྲྭར་སོང་ནས་ངའི་བུ་མོ་ཡོད་མེད་ལྟ་སྐབས། བུ་མོ་མཐོང་རྒྱུ་མི་འདུག སྐབས་དེར་ངས་གོམ་པའང་སྤོ་ཐུབ་ཀྱི་མི་འདུག ད་ལྟ་ང་ཧ་ཅང་ཁེར་རྐྱང་ཡིན་པའི་ཚོར་སྣང་སྐྱེས་ཀྱི་འདུག ངའི་བུ་མོ་ལོ་ན་ ༡༦ ཡིན་ལ། དྭངས་གཙང་ལྷད་མེད་ཀྱི་བྱིས་པ་ཞིག་རེད། བཙན་འཁྲིད་བྱས་པའི་བྱིས་པ་ཚང་མ་མགྱོགས་མྱུར་ཀློད་གྲོལ་ཡོང་བར་སྒུག་ཡོད། ཅེས་བརྗོད་ཡོད་པ་རེད།

ཁ་མི་རོན་རྒྱལ་ཁབ་ཀྱི་ནུབ་བྱང་དང་ལྷོ་ནུབ་ས་ཁུལ་དུ་སློབ་ཕྲུག་བཙན་འཁྲིད་ཀྱི་དོན་རྐྱེན་བསྟུན་མར་བྱུང་གི་ཡོད་པ་དང་། ས་གནས་མགོ་འཁྲིད་ལི་ལི་ཨ་ཧྥི་ཁའེ་(Lele L’Afrique)ལགས་ཀྱིས་སློབ་ཕྲུག་བཙན་འཁྲིད་བྱེད་མཁན་གྱི་རྒྱབ་ལྗོངས་ན། ཡུལ་དེའི་རང་བཙན་བརྩོན་ལེན་བྱེད་མཁན་ཁ་བྲལ་ཕྱོགས་ཁག་ཡོད་སྐོར་བཤད་དེ་སྐྱོན་བརྗོད་བྱས་ཡོད་པ་རེད།

ཐེངས་འདིར་བཙན་འཁྲིད་བྱས་པའི་བུ་མོ་མང་ཆེ་བ་ལོ་ ༡༠ ནས་ ༡༥ བར་ཡིན་པ་དང་།  ཉལ་ཁྲིའི་འོག་སྦས་སྐོང་བྱས་ཏེ་བཙན་འཁྲིད་ཀྱི་ཉེན་ཁ་ལས་ཐར་བའི་སློབ་མ་ཞིག་གིས། ངའི་གྲོགས་པོ་ཞིག་ལ་ཁོ་ཚོས་སྙིང་རྗེ་མེད་པའི་ངང་རྡུང་རྡེག་ཞེ་དྲགས་བཏང་བྱུང་།  སྐབས་དེར་ང་རང་ཁུ་སིམ་མེར་སྡོད་ཐབས་བྱས་པ་ལས་ཐབས་ཤེས་གང་ཡང་མི་འདུག ཅེས་བརྗོད་ཡོད་པ་རེད།

རྒྱལ་སྤྱིའི་ཉེ་ཡངས་ཚོགས་པས་ཉེ་སྔོན་ཕྱི་ཟླ་ ༡༠ པའི་ནང་ཡུལ་དེའི་ཁ་བྲལ་ཕྱོགས་ཁག་གིས་བྷ་ཧྥོ་ཊི་ཞེས་པའི་ས་གནས་ནས་སློབ་ཕྲུག་ ༧ བཙན་འཁྲིད་བྱས་ཏེ། སློབ་ཕྲུག་ཚོར་མནར་གཅོད་ཚད་མེད་བཏང་ཡོད་སྐོར་བསྒྲགས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་ཀྱང་སློབ་ཕྲུག་བཙན་འཁྲིད་ཀྱི་གནད་དོན་དེར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༡༤ ལོར་ནེ་ཇེ་རི་ཡའི་བྷོར་ནོ་མངའ་སྡེའི་ཆིས་བྷོ་ཁུ་ས་གནས་གཞུང་གི་འབྲིང་རིམ་སློབ་གྲྭར་དྲག་སྤྱོད་པས་འཇབ་རྒོལ་བྱས་ཏེ་སློབ་ཕྲུག་བུ་མོ་ ༢༧༦ བཙན་འཁྲིད་བྱས་ཡོད་པ་དང་། དེ་རྗེས་ནེ་ཇེ་རི་ཡའི་གཞུང་དང་དྲག་སྤྱོད་པ་གཉིས་པར་གྲོས་མོལ་རིམ་པ་བྱས་པ་བརྒྱུད་འདི་ལོའི་ཕྱི་ཟླ་ ༤ ནང་བཙན་འཁྲིད་བྱས་པའི་སློབ་ཕྲུག་བུ་མོ་ ༡༣ རྐྱེན་འདས་དང་། བུ་མོ་ ༡༡༢ བོར་བརླག་ཏུ་ཕྱིན་ཡོད་པ་དང་། སློབ་ཕྲུག་ ༡༥༡ གློད་གྲོལ་བཏང་ཡོད་འདུག

 གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༡/༠༦

Leave a Reply