ཨ་རིའི་བར་མའི་འོས་བསྡུ་མགོ་འཛུགས།

ཨ་རིའི་བར་མའི་འོས་བསྡུའི་ཁྲོད་བུད་མེད་མང་པོ་ལངས་དོན་སྲིད་འཛིན་ཊོམ་ཕུས་བུད་མེད་ལ་དམའ་འབེབ་དང་མཐོང་ཆུང་བྱས་པའི་རྐྱེན་གྱིས་རེད་ཟེར།
 དེ་རིང་ཕྱི་ཚེས་ ༦ ཉིན། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་བར་མའི་འོས་བསྡུ་མགོ་འཛུགས་བྱས་ཡོད་པ་དང་། བར་མིའི་འོས་བསྡུའི་ཁྲོད་གྲོས་ཚོགས་འོག་མའི་འཐུས་མི་ ༤༣༥ དང་། གྲོས་ཚོགས་གོང་མའི་འཐུས་མི་ ༡༠༠ ལས་ ༣༥ འོས་འདེམས་བྱ་རྒྱུ་ཡིན་པ་དང་། དེ་བཞིན་མངའ་སྡེ་ ༣༦ གི་གཞུང་འཛིན་པ་འོས་འདེམས་བྱ་རྒྱུ་ཡིན་ལ། ཐེངས་འདིའི་བར་མིའི་འོས་བསྡུའི་ཁྲོད་ཨ་རིའི་མི་སེར་ས་ཡ་མང་པོ་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

ད་ལོའི་འོས་བསྡུའི་ཁྲོད་སྤྱི་ཚོགས་ཀྱི་གནས་བབ་དང་རྒྱབ་ལྗོངས་མི་འདྲ་བའི་འོས་མི་སྣ་ཚོགས་ཡོད་པ་དང་། ལྷག་ཏུ་བུད་མེད་མང་པོ་ཞིག་འོས་མིར་ཞུགས་ཡོད་པས་ད་ལོའི་ཨ་རིའི་བར་མའི་འོས་བསྡུ་དེ་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཏུ་གྱུར་ཡོད་པ་དང་། བུད་མེད་ ༥༣ གྲོས་ཚོགས་གོང་མའི་འོས་མིར་ལངས་པ་ལས་ ༢༢ ལ་ཆབ་སྲིད་ཚོགས་པའི་ངོས་ལེན་ཐོབ་ཡོད་པ་དང་། བུད་མེད་ ༤༧༦ གྲོས་ཚོགས་འོག་མའི་འོས་མིར་ལངས་ཡོད་པ་ལས་ ༢༣༥ ལ་འོས་མིར་ངོས་ལེན་ཐོབ་ཡོད་འདུག ཨ་རིའི་ལོ་རྒྱུས་ཁྲོད་དུ་ཕྱི་ལོ་ ༡༩༩༢ ལོར་བུད་མེད་མང་པོ་འོས་མིར་ཞུགས་ཡོད་སྟབས། ལོ་དེར་བུད་མེད་ཀྱི་ལོ་ཞེས་འབོད་ཀྱི་ཡོད་ཀྱང་སྐབས་དེར་ད་ལོ་ལྟ་བུའི་བུད་མེད་མང་པོ་བྱུང་མེད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། ཨ་རིའི་མི་ཕལ་ཆེ་བས་ཆབ་སྲིད་ནང་བུད་མེད་ཅི་ཙམ་མང་ན་དེ་ཙམ་བཟང་ཚུལ་བཤད་ཀྱི་ཡོད་པ་དང་། ད་ལོ་སྔར་དང་མི་འདྲ་བར་བུད་མེད་མང་པོ་ཞིག་འོས་མིར་ལངས་དགོས་པའི་རྒྱུ་མཚན་གཙོ་བོ་ནི་སྲིད་འཛིན་ཊོམ་ཕུས་ནམ་རྒྱུན་བུད་མེད་ལ་མཐོང་ཆུང་དང་། བུད་མེད་ལ་གནོད་པའི་གཏམ་བཤད་སྤེལ་བ་སོགས་ཀྱི་གནས་ཚུལ་ལ་བརྟེན་ནས་བྱུང་བ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ད་ལོའི་གྲོས་ཚོགས་འཐུས་མིར་ལངས་མཁན་ཁྲོད་མི་ཅི་གྷན་( Michigan)མངའ་སྡེའི་ཁ་ཆེའི་བུད་མེད་ར་ཤི་ཌ་ཊ་ལཱེབ་(Rashida Tlaib) དང་མེན་ནི་སོ་ཊ་མངའ་སྡེའི་ཁ་ཆེའི་བུད་མེད་ཨི་ལཱན་ཨོ་མར་(Ilhan Omar) གཉིས་ལ་འོས་འཐོབ་ཚེ། ཨ་རིའི་ལོ་རྒྱུས་ཁྲོད་ཁ་ཆེའི་བུད་མེད་གྲོས་ཚོགས་ཀྱི་འཐུས་མིར་གྱུར་བ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

ཡང་ཆབ་སྲིད་དབྱེ་ཞིབ་པ་ཚོས་ད་ལྟའི་ཆར་གྲོས་ཚོགས་གོང་འོག་གཉིས་ཀ་ཊོམ་ཕུས་མགོ་འཁྲིད་པའི་སྤྱི་མཐུན་ཚོགས་པས་བཟུང་ཡོད་ཀྱང་། ཐེངས་འདིའི་བར་མའི་འོས་བསྡུའི་ཁྲོད་དམངས་གཙོ་ཚོགས་པས་གྲོས་ཚོགས་འོག་མ་དང་སྤྱི་མཐུན་ཚོགས་པས་གྲོས་ཚོགས་གོང་མ་འཛིན་རྒྱུ་ཡིན་པའི་སྔོན་དཔག་བྱེད་བཞིན་ཡོད་པ་དང་། གལ་ཏེ་ཐེངས་འདིར་གྲོས་ཚོགས་གོང་འོག་གང་རུང་ཞིག་དམངས་གཙོ་ཚོགས་པར་ཤོར་ཚེ། ཊོམ་ཕུ་གཞུང་འཛིན་ཚོགས་པར་གྲོས་ཚོགས་ནང་ཁྲིམས་འཆར་གཏན་འབེབ་སོགས་ཀྱི་ཐད་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་བརྗོད་ཀྱི་འདུག

འདི་ལོའི་ཨ་རིའི་གྲོས་ཚོགས་འོག་མའི་འོས་བསྡུའི་ནང་དམངས་གཙོ་ཚོགས་པར་འོས་གྲངས་མང་པོ་འཐོབ་པ་ཡིན་ན། མ་འོངས་ལོ་བཞིའི་དུས་ཡུན་ནང་དམངས་གཙོ་ཚོགས་པར་གྲོས་ཚོགས་ནང་ཁྲིམས་འཆར་ལེན་མིན་གྱི་དབང་ཆ་ཆ་ཚང་ཡོད་པ་མ་ཟད། ཁྲིམས་འཆར་གསར་པ་ཡང་ལེན་ཆོག་སྟབས། དམངས་གཙོ་ཚོགས་པས་སྲིད་འཛིན་ཊོམ་ཕུས་གཏན་འབེབ་བྱས་པའི་ཚོང་དོན་ཁྲིམས་ཡིག་དང་། ཨུ་རུ་སུ་དང་འབྲེལ་བའི་གནད་དོན་སྐོར། དེ་བཞིན་བུད་མེད་ཐོག་བཟུང་བའི་གཏམ་སྤྱོད་སོགས་ཀྱི་ཐོག་ལ་བསྐྱར་ཞིབ་དང་ཞིབ་འཇུག་བྱེད་སྲིད་སྐོར་བརྗོད་ཀྱི་འདུག

ཨ་རིའི་བར་མའི་འོས་བསྡུ་དེ་ལོ་བཞིའི་ནང་ཐེངས་གཅིག་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་གྱི་ལས་ཡུན་བར་མའི་སྐབས་འོས་བསྡུ་བྱེད་ཀྱི་ཡོད་པས་བར་མའི་འོས་བསྡུ་(Midterm Election )ཞེས་བརྗོད་ཀྱི་ཡོད་པ་དང་། བར་མའི་འོས་བསྡུའི་སྐབས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་འོས་འདེམས་བྱེད་ཀྱི་ཡོད་སྟབས། སྲིད་འཛིན་གྱི་འོས་བསྡུ་ལས་གལ་ཆེ་བ་ཞིག་ཏུ་རྩི་ཡི་ཡོད་པ་དང་།  གྲོས་ཚོགས་གོང་འོག་གཉིས་ལས་གྲོས་ཚོགས་འོག་མའི་རྐུབ་སྟེགས་ ༤༣༥ ཚང་མ་འོས་འདེམས་བྱེད་ཀྱི་ཡོད་པ་དང་། གྲོས་ཚོགས་གོང་མར་མངའ་སྡེ་རེ་ནས་འཐུས་མི་ ༢ རེ་བྱས་ཏེ་ཁྱོན་འཐུས་མི་ ༡༠༠ ཡོད་པ་ལས། ལོ་བཞི་རེའི་ནང་རྐུབ་སྟེགས་སུམ་ཆ་གཅིག་(འཐུས་མི་ ༣༥) མ་གཏོགས་འོས་འདེམས་བྱ་རྒྱུ་མེད་པ་རེད། སྤྱིར་ཨ་རིའི་མངའ་སྡེའི་གྲོས་ཚོགས་འོག་མའི་འཐུས་མི་རྣམས་མངའ་སྡེ་སོ་སོའི་མི་འབོར་ལ་གཞིགས་ཏེ་ཐོབ་ཆ་བགོ་འགྲེམ་བྱས་ཡོད་ཀྱང་། གྲོས་ཚོགས་གོང་མའི་འཐུས་མི་རྣམས་མངའ་སྡེའི་མི་འབོར་དང་ས་ཁྱོན་ལ་མ་ལྟོས་པར་མངའ་སྡེ་རེར་འཐུས་མི་གཉིས་རེའི་ཐོབ་ཆ་ཡོད་པ་དང་། ཨ་རིའི་བར་མའི་འོས་བསྡུའི་སྐབས་གྲོས་ཚོགས་གོང་འོག་ཙམ་མིན་པར་མངའ་སྡེའི་གཞུང་འཛིན་པ་དང་། ལས་འཛིན་པ་རྣམས་ཀྱང་འོས་འདེམས་བྱེད་ཀྱི་ཡོད་འདུག

པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༡/༠༧

Leave a Reply

One thought on “ཨ་རིའི་བར་མའི་འོས་བསྡུ་མགོ་འཛུགས།

  1. སྲས་སྐུ་ངོ་།

    ཕ་ལགས་རྒྱ་གར་ཁ་ཆེ་དང་ཨ་མ་བོད་རིགས་ཡིན་པའི་ཨ་རིའི་དམངས་གཙོ་ཚོགས་པའི་འོས་མི་ཁ་ཆེ་གཞོན་སྐྱེས་་ཧྥི་ཌ་ལ་རྒྱལ་ཁ་ཐོབ་ཡོད་དམ།