འཛམ་གླིང་རྒྱལ་ཁབ་ ༡༢ ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་གླེང་།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཐེངས་ ༣ པའི་ཐོག་རྒྱ་ནག་ནང་ལོགས་དང་ལྷག་པར་དུ་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་གསལ་འདོན་གནང་།ཁ་སང་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཐེངས་ ༣ པ་བསྡུས་ཡོད་པ་དང་། ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་རྣམ་གཉིས་དང་། སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་སོགས་བོད་མིའི་སྐུ་ཚབ་ ༧ དང་། འཛམ་གླིང་རྒྱལ་ཁབ་མང་པོའི་སྐུ་ཚབ་ལྷན་འཛོམས་ཐོག་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་ཆུ་ཚོད་ ༣།༣༠ ལྷག་རིང་གཏམ་བཤད་དང་རྒྱ་ནག་གཞུང་གི་སྐུ་ཚབ་ལྷན་དུ་དྲི་བ་དྲིས་ལན་གནང་སྐབས། ཚོགས་ཞུགས་རྒྱལ་ཁབ་ ༢༠ ལྷག་གི་སྐུ་ཚབ་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ཧ་ཅང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར་བརྗོད་ཡོད་འདུག

ཚོགས་ཐོག་ཏུ་ཨ་རི་དང་ཉི་ཧོང་། དབྱིན་ཡུལ། ཧྥ་རན་སི། ཁ་ན་ཌ། ཌན་མག ཨོ་སི་ཊི་རི་ཡ། ཨོ་སི་ཊོ་ལི་ཡ། སི་ཝེ་ཌན་སོགས་འཛམ་གླིང་རྒྱལ་ཁབ་ཁག་ ༡༢ ཡི་སྐུ་ཚབ་ཀྱིས་རྒྱ་ནག་སྤྱི་ཡོངས་དང་། ལྷག་པར་དུ་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཡིན་པ་ཐེར་འདོན་གནང་བ་དང་འབྲེལ། རྒྱ་ནག་གཞུང་གིས་ངེས་པར་དུ་བོད་དང་ཤིན་ཅང་གི་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་བཅས་ལ་ཁ་ཡོད་ལག་ཡོད་ཀྱིས་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ནན་པོ་གནང་ཡོད་འདུག

ཡང་སྐབས་དེར་ཨ་རིའི་སྐུ་ཚབ་ནས་བོད་ཀྱི་སྐད་ཡིག་ཐོབ་ཐང་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་ཐད་སེམས་འཚབ་ཡོད་པ་དང་། ནེའུ་ཟེ་ལན་གྱི་སྐུ་ཚབ་ཀྱིས་བོད་རྒྱ་ཞི་མོལ་སླར་གསོ་དང་། བོད་བརྒྱུད་ནང་བསྟན་གྱི་ཡང་སྤྲུལ་ངོས་འཛིན་སོགས་ཆོས་དད་རང་དབང་ཐད་བཀག་རྒྱ་ཆེན་པོ་བཟོ་བཞིན་ཡོད་པ་དེ་མྱུར་ཏུ་མཚམས་འཇོག་དགོས་སྐོར། དེ་བཞིན་དབྱིན་གཞུང་གིས་རྒྱ་ནག་གཞུང་ནས་བོད་མི་ཚོར་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་བསྐྱར་བཅོས་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཡོད་ཀྱང་། རྒྱ་ནག་གཞུང་གི་སྐུ་ཚབ་ཀྱིས་རྩ་ཁྲིམས་ནང་གསལ་ལྟར་གྲངས་ཉུང་མི་རིགས་ཁག་གི་ཆོས་དད་རང་དབང་སོགས་ལ་བཙན་གནོན་ལས་ལྡོག་སྟེ་སྲུང་སྐྱོབ་སྐུལ་འདེད་གཏོང་གི་ཡོད་སྐོར་དང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་ནས་ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་ཡོད་སྐོར་བརྗོད་དེ་ངོས་ལེན་བྱས་མི་འདུགཁ་སང་དུས་བཀག་བསྐྱར་ཞིབ་ཐེངས་ ༣ པ་དང་བསྟུན་རྒྱལ་ཚོགས་ཀྱི་དབུས་ལས་ཁུངས་མདུན་དུ་བོད་དང་ཡུ་གུར། ནང་སོག ཐའེ་ཝན། ཧོང་ཀོང་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ལས་འགུལ་བ་མང་པོ་འདུ་འཛོམས་བྱས་ཏེ། རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་འདྲི་རྩད་ནན་མོ་དགོས་པ་དང་། གྲངས་ཉུང་མི་རིགས་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་བཙན་གནོན་སྲིད་བྱུས་མྱུར་ཏུ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ཉེ་སྔོན་ཕྱི་ཟླ་ ༩ པའི་ནང་ཇི་ནི་ཝར་བསྡུས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་འདུའི་ཐོག་རྒྱལ་ཁབ་མང་པོས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཁག་གི་ནང་དམ་དྲག་བྱེད་བཞིན་པའི་སྐོར་ལ་སྐྱོན་བརྗོད་དང་གླེང་སློང་གནང་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གི་མགྲིན་ཚབ་པ་ལེའུ་ཡོ་ཁྲིན་(Le Yucheng)ཞེས་པས་རྒྱ་ནག་གཞུང་གིས་ཆབ་སྲིད་ཐད་གཞི་རྩ་གང་ཡང་མེད་པར་རྒྱལ་ཁབ་ཁ་ཤས་ཀྱིས་ཉེས་འཛུགས་བྱས་པར་ངོས་ལེན་གཏན་ནས་མེད་སྐོར་བརྗོད་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༨/༡༡/༠༧

Leave a Reply