རྒྱ་ནག་ནང་ཀུ་ཤུ་ཁ་པར་རྫུན་མ་མང་པོ་ཐོན།

རྒྱ་ནག་ཧྲིན་ཀྲིན་གྲོང་འཁྱེར་གྱི་བཟོ་ལས་ཁང་ཞིག་གིས་ཀུ་ཤུ་ཁ་པར་རྫུན་མ་གྲངས་ ༥༠༠ ཙམ་བཟོ་སྐྲུན་བྱས་པ་ཤེས་རྟོགས་བྱུང་སྟེ་དོགས་ཡོད་མི་སྣ་ཞིག་འཛིན་བཟུང་བྱས།ཧྲིན་ཀྲིན་གྲོང་ཁྱེར་ཉེན་རྟོག་པས་བརྗོད་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༩ ནང་མི་ཞིག་གིས་ས་ཆ་དེར་ཁ་པར་རྫུན་མ་བཟོ་བཞིན་ཡོད་སྐོར་ཞུ་གཏུག་བྱས་ཡོད་པ་དང་། ཉེན་རྟོག་པས་ཞིབ་འཇུག་རིམ་པར་བྱས་པ་བརྒྱུད་ཁ་སང་ཀུ་ཤུ་ཁ་པར་ཐོན་རིམ ༨ པ་ནག་པོ་གྲངས་ ༡༣༠ དང་། ཟིང་སྐྱ་གྲངས་ ༣༧༠ ཙམ། དེ་བཞིན་ཁ་པར་བཟོ་བྱེད་ཀྱི་ཅ་ལག་སོགས་ལག་སོན་བྱུང་ཡོད་པ་མ་ཟད། རུས་མིང་ཀྲང་ཅན་གྱི་དོགས་ཡོད་མི་སྣ་ཞིག་འཛིན་བཟུང་བྱས་ཏེ་མུ་མཐུད་ཞིབ་འཇུག་བྱེད་བཞིན་ཡོད་འདུག

ཨ་རིའི་གཞུང་གིས་རྒྱ་ནག་ལ་ཚོང་དམག་རྒྱག་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་ཀྱང་རྒྱ་ནག་གིས་ཨ་རིའི་ཆེད་ལས་པའི་ལག་རྩལ་རྐུ་འཁྱེར་བྱས་ཏེ། རྒྱ་ནག་ནང་བེད་སྤྱོད་བྱེད་བཞིན་ཡོད་པའམ་ཕྱི་རྒྱལ་ཁག་ལ་རིན་གོང་ཁེ་པོས་བཙོང་བསྒྱུར་བྱེད་ཀྱི་ཡོད་པ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༦ ནང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་འཛམ་གླིང་ཚོང་འབྲེལ་སྒྲིག་འཛུགས་ (World Trade Organisation) ལ་རྒྱ་ནག་གཞུང་གིས་ཕྱིའི་ཁེ་ལས་ཚོར་བཙན་སྐུལ་གྱིས་རྒྱ་ནག་གི་ཁྲོམས་རའི་ནང་ཞུགས་ཏུ་བཅུག་སྟེ། དྲང་བདེན་མིན་པའི་ཚོང་འབྲེལ་བྱེད་དུ་འཇུག་བཞིན་ཡོད་སྐོར་ཞུ་གཏུག་བྱས་ཡོད་པ་རེད།

ད་ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་ཅང་སུའུ་ཞིང་ཆེན་ནང་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཐོན་རིམ་ ༨ པ་རྫུན་མ་བཙོང་བའི་དོགས་གཞིའི་འོག་མི་ ༣ འཛིན་བཟུང་བྱས་ཡོད་པ་དང་། ཁོང་ཚོས་ཧྲིན་ཀྲིན་གྲོང་ཁྱེར་ནས་ཉོས་ཏེ་བཙོང་བཞིན་ཡོད་པ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་པ་རེད།

ཕྱི་ལོ་༢༠༡༧ ལོར་རྒྱ་ནག་ནང་ཧྭ་ཝེ་བཟོ་ལས་ཁང་ (Huawei) གིས་བཟོས་པའི་ཧྭ་ཝེ་ཁ་པར་ས་ཡ་ ༡༠༢ དང་ ཨོ་བྷོ་(Oppo) རྟགས་ཅན་གྱི་ཁ་པར་ས་ཡ་ ༧༧ ལྷག  ཝི་ཝོ་(Vivo) རྟགས་ཅན་གྱི་ཁ་པར་ས་ཡ་ ༧༢ ལྷག ཀུ་ཤུ་རྟགས་ཅན་གྱི་ཁ་པར་ས་ཡ་ ༥༡ ལྷག་བཙོང་ཡོད་པ་དང་། རྒྱ་ནག་ནང་ཀུ་ཤུ་ཁ་པར་བྲིན་ཤོས་ཨང་ ༤ པ་དེ་ཆགས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༡/༠༧

Leave a Reply