དམངས་གཙོ་ཚོགས་པས་ཨ་རིའི་གྲོས་ཚོགས་འོག་མའི་དབང་ཆ་བཟུང་།

ཨ་རིའི་བར་མའི་འོས་བསྡུ་ཡི་གྲུབ་འབྲས་གསལ་པོ་ཆགས་ཀྱི་ཡོད་པ་དང་བསྟུན་སྲིད་འཛིན་ཊོམ་ཕུས་དམངས་གཙོ་ཚོགས་པས་དོན་མེད་ཞིབ་འཇུག་རིགས་བྱས་ན་གཞུང་འབྲེལ་ལས་དོན་རྣམས་མཚམས་འཇོག་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུགཨ་རིའི་བར་མའི་འོས་བསྡུ་ཟླ་འདིའི་ཕྱི་ཚེས་ ༦ ནས་མགོ་འཛུགས་གནང་ཡོད་པ་ལྟར། གྲོས་ཚོགས་འོག་མའི་ཞབས་བཀྱག་ ༤༣༥ ནས་དམངས་གཙོ་ཚོགས་པར་ཞབས་བཀྱག་ ༢༢༣ ཐོབ་སྟེ། འདས་པའི་ལོ་ངོ་ ༨ རིང་གི་ཆབ་སྲིད་ཚོགས་པ་གཅིག་གིས་ཁ་ལོ་བསྒྱུར་བའི་ལམ་ལུགས་ལ་འགྱུར་བ་ཆེན་པོ་བྱུང་ཡོད་པ་དང་། འབྱུང་འགྱུར་ལོ་གཉིས་ནང་ཊོམ་ཕུས་མགོ་འཁྲིད་པའི་སྤྱི་མཐུན་གཞུང་འཛིན་ཚོགས་པར་འཛིན་སྐྱོང་ཁྲིམས་འཆར་གཏན་འབེབ་སོགས་ཀྱི་ཐད་སྟངས་འཛིན་ཆེན་པོ་ཐེབས་རྒྱུ་ཡིན་འདུག

གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པར་སྔར་ཡོད་ཞབས་བཀྱག་ ༤༢ ཐོག་ ༩ མང་དུ་ཕྱིན་ཏེ་ཁྱོན་ཞབས་བཀྱག་ ༥༡ ཡོད་པས་མུ་མཐུད་དབང་ཆ་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད་སྟབས། སྲིད་འཛིན་ཊོམ་ཕུ་ཡིས་ཁྲིམས་དཔོན་སོགས་ཆེས་མཐོའི་གཞུང་འཛིན་པ་རྣམས་འདེམས་པའི་དབང་ཆ་ཡོད་པ་དང་། ཨ་རིའི་མངའ་སྡེ་ ༥༠ ལས་ ༣༦ གི་གཞུང་འཛིན་པ་འོས་བསྡུའི་ནང་སྤྱི་མཐུན་ཚོགས་པས་སྔར་ཡོད་ཞབས་བཀྱག་ ༧ སྟེང་ཞབས་བཀྱག་ ༡༩ མང་དུ་ཕྱིན་ཏེ།  དམངས་གཙོ་ཚོགས་པ་ལས་ཞབས་བཀྱག་ ༣ གྱིས་མང་བ་ཐོབ་ཡོད་འདུག

ད་ལྟའི་ཆར་གྲོས་ཚོགས་འོག་མའི་ཞབས་བཀྱག་ ༡༥ རྩོད་བཞིན་པ་ལས་དམངས་གཙོ་ཚོགས་པར་འཐོབ་རེ་ཆེ་བ་ ༧ དང་། སྤྱི་མཐུན་ཚོགས་པར་འཐོབ་རེ་ཆེ་བ་ ༨ ཡོད་འདུག དེ་བཞིན། གྲོས་ཚོགས་གོང་མའི་ཞབས་བཀྱག་ ༣ རྩོད་བཞིན་པ་ལས་གསུམ་ཀ་སྤྱི་མཐུན་ཚོགས་པར་འཐོབ་པའི་རེ་བ་ཆེན་པོ་ཡོད་འདུག མངའ་སྡེའི་གཞུང་འཛིན་པའི་འོས་བསྡུ་ལས་ཇོར་ཇི་ཡ་མངའ་སྡེར་འོས་འདེམས་བྱེད་མུས་ཡིན་པ་དང་། ད་ལྟའི་ཆར་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་གྱི་དགོང་མོར། དམངས་གཙོ་ཚོགས་པར་གྲོས་ཚོགས་འོག་མའི་ནང་རྒྱལ་ཁ་ཆེན་པོ་ཐོབ་པ་དེར་ཚོགས་གཙོ་ལྕམ་ནན་སེ་པེ་ལོ་སི་(Nancy Pelosi)ལགས་ཀྱིས་རྒྱབ་སྐྱོར་བ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སང་ཉིན་ནས་ཨ་རིར་ཉི་མ་གསར་པ་ཞིག་མགོ་ཚུགས་རྒྱུ་རེད། ཅེས་བརྗོད་ཡོད་པ་དང་། ཕྱི་ཚེས་ ༧ ཉིན་ཊོམ་ཕུ་དང་ལྕམ་ནན་སེ་པེ་ལོ་སི་གཉིས་ཀས་འོས་བསྡུའི་གྲུབ་འབྲས་དང་འབྲེལ་བའི་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཊོམ་ཕུས་འདི་ལོར་སྤྱི་མཐུན་ཚོགས་པས་གྲོས་ཚོགས་གོང་མར་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་བླངས་ཡོད་པ་དང་། ཨ་རིའི་དཔལ་འབྱོར་དང་འཕྲོད་བསྟེན། ཁོར་ཡུག དམག་དོན་སོགས་སྔར་བས་སྟོབས་ཤུགས་ཆེ་རུ་གཏོང་བར་ཆབ་སྲིད་ཚོགས་པ་གཉིས་ཀས་མཉམ་རུབ་ཀྱི་ཐོག་ནས་ལས་ཀ་བྱེད་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། གལ་ཏེ་དམངས་གཙོ་ཚོགས་པས་ཊོམ་ཕུའི་སྟེང་དོན་མེད་ཀྱི་ཞིབ་འཇུག་བཙུགས་ན་གཞུང་འབྲེལ་ལས་དོན་རྣམས་མཚམས་འཇོག་བྱ་རྒྱུ་ཡིན་པ་དང་། དེར་དམངས་གཙོ་ཚོགས་པས་འགན་ལེན་དགོས་ཚུལ་གསུངས་ཡོད་འདུག

ལྕམ་ནན་སི་པེ་ལོ་སི་ཡིས་རྒྱལ་ཁ་འདི་ནི་ང་ཚོའི་དམངས་གཙོ་སླར་གསོ་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པ་དང་། དམངས་གཙོ་ཚོགས་པའི་གཞི་རྩའི་ལྟ་གྲུབ་དང་མ་འགལ་བའི་ཐོག་ནས་སྤྱི་མཐུན་ཚོགས་པ་དང་མཉམ་འབྲེལ་གྱིས་ཨ་རིའི་དཔལ་འབྱོར་དང་སྨན་བཅོས་སྲིད་བྱུས་སོགས་ཀྱི་ཐད་ལ་ཤུགས་བརྒྱབ་རྒྱུ་དང་། སྲིད་འཛིན་ཊོམ་ཕུ་སྒེར་གྱི་ཚོང་དོན་དང་འཛིན་སྐྱོང་གི་སྲིད་བྱུས་སོགས་ཀྱི་ཐོག་ལ་ཞིབ་འཇུག་བྱ་རྒྱུ་ཡིན་ཡང་། དེ་ནི་གལ་གནད་ཅིག་མིན་པར་གཙོ་བོ་ཁ་འཐོར་དུ་ཕྱིན་པའི་ཨ་རི་དེ་མཐུན་སྒྲིལ་གྱི་ཕྱོགས་སུ་བསྐྱོད་ཐུབ་པ་བྱ་རྒྱུ་དང་། མི་མང་གི་སྨན་བཅོས་ཀྱི་འགྲོ་གྲོན་དམའ་རུ་གཏང་སྟེ་སྲིད་བྱུས་དེ་སྔར་ལས་ཇེ་ལེགས་སུ་གཏང་རྒྱུ་ཡིན་པའི་སྐོར་གསུངས་ཡོད་པ་རེད།

འདི་ལོའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་རྒྱལ་ཁ་དེས་ཊོམ་ཕུ་སྲིད་གཞུང་གིས་གཏན་འབེབ་ལག་བསྟར་བྱས་པའི་ཚོང་དོན་འབྲེལ་ལམ་དང་། རྒྱལ་ཁྲལ་སྲིད་བྱུས་སོགས་ཀྱི་སྐོར་ལ་བསྐྱར་ཞིབ་བྱེད་ཐུབ་པ་མ་ཟད། ཊོམ་ཕུའི་ཨ་རི་དང་མེག་སི་ཁོའི་ས་མཚམས་སུ་གྱང་ར་བསླང་རྒྱུའི་འཆར་གཞི་དེ་རྩིས་མེད་གཏོང་བའི་ལམ་ཀའང་ཡོད་འདུག གལ་གནད་ཆེ་ན་ཊོམ་ཕུ་ཁྱིམ་ཚང་གི་སྒེར་གྱི་ཚོང་དོན་འབྲེལ་ལམ་སོགས་ལ་ཞིབ་འཇུག་བྱས་ཏེ། གལ་སྲིད་ཁྲིམས་དང་འགལ་བའི་ནག་ཉེས་བསག་ཡོད་ན་སྲིད་འཛིན་གྱི་གོ་གནས་ནས་གནས་དབྱུང་གཏོང་བའི་གོ་སྐབས་དང་ཐོབ་ཐང་ཡང་ཡོད་འདུག སྤྱིར་བཏང་ཨ་རིའི་ལོ་རྒྱུས་ནང་ད་བར་སྲིད་འཛིན་གཅིག་ཀྱང་གྲོས་ཚོགས་ནས་གནས་དབྱུང་བཏང་མེད་པ་དང་། གལ་ཏེ་གནས་དབྱུང་གི་གྲོས་འཆར་འཁུར་ཡོང་བ་ཡིན་ནའང་གྲོས་ཚོགས་འཐུས་མི་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་འདུག

ཨ་རིའི་ལོ་རྒྱུས་གསར་པ།

ཐེངས་འདིའི་འོས་བསྡུའི་ནང་བུད་མེད་འོས་མི་རྣམས་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག དེ་ཡང་འོས་མི་བུད་མེད་ ༢༧༧ ལས་ད་ལྟའི་ཆར་གྲོས་ཚོགས་འོག་མའི་ནང་བུད་མེད་ ༩༨ དང་། གྲོས་ཚོགས་གོང་མར་བུད་མེད་ ༡༢། མངའ་སྡེའི་གཞུང་འཛིན་པར་བུད་མེད་ ༩ བཅས་ཁྱོན་བུད་མེད་ ༡༡༩  གསར་འདེམས་བྱུང་ཡོད་པ་དང་། དེ་ནི་ཨ་རིའི་ལོ་རྒྱུས་ཁྲོད་བུད་མེད་ཀྱི་གྲངས་འབོར་མང་ཤོས་དེ་ཆགས་ཡོད་འདུག གཞན་ཡང་། འདི་ལོའི་བར་མའི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པའི་ལོ་ན་ ༢༩ སོན་པའི་དམངས་གཙོ་ཚོགས་པའི་ཨེ་ལེག་ཛེན་ཌ་རི་ཡ་ཨོ་ཁ་ཤིའོ་ཁོར་ཊེ་ཛི་(Alexandria Ocasio-Cortez)དང་ཨ་བྷེ་ཧྥིན་ཀེ་ཎོར་(Abby Finkenauer)གཉིས་ནི་ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་གྲོས་ཚོགས་འཐུས་མི་ལོ་ན་གཞོན་ཤོས་དེ་ཆགས་ཡོད་འདུག ཡང་གསར་དུ་འོས་འདེམས་བྱུང་བའི་ལྕམ་ར་ཤི་ཌ་ཊ་ལཱེབ་(Rashida Tlaib) དང་ལྕམ་ཨི་ལཱན་ཨོ་མར་(Ilhan Omar) གཉིས་ནི་གྲོས་ཚོགས་འཐུས་མི་ཁ་ཆེ་བ་བུད་མེད་ཐོག་མ་དང་། ལྕམ་ཤཱེ་རི་སི་ཌེ་ཝིཌ་(Sharice Davids) དང་ལྕམ་ཌེ་བྷ་ར་ཧཱ་ལེན་(Debra Haaland)གཉིས་ནི་ཨ་རིའི་གདོད་མའི་མི་རིགས་(Native American) ཀྱི་བུད་མེད་གྲོས་ཚོགས་ནང་འོས་འདེམས་བྱུང་བ་ཐོག་མ་དེ་ཆགས་ཡོད་འདུགའདི་ལོར་འདེམས་ཐོན་བྱུང་བའི་གྲོས་ཚོགས་འཐུས་མི་གསར་པ་རྣམས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༣ ཉིན་ནས་དངོས་སུ་ལས་འཁུར་ཞུས་ཏེ། གྲོས་ཚོགས་འོག་མའི་འཐུས་མི་རྣམས་ཀྱིས་ལོ་གཉིས་རིང་ལས་འཁུར་ཞུ་རྒྱུ་དང་། གྲོས་ཚོགས་གོང་མའི་འཐུས་མི་གསར་པ་ ༣༥ ཡིས་ལོ་ ༦ རིང་ལས་འཁུར་ཞུ་རྒྱུ་ཡིན་འདུག

པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༡/༠༨

Leave a Reply