ཐའེ་ཝན་གོམ་གང་ཕྱི་སྣུར་བྱ་རྒྱུ་མིན།

ཐའེ་ཝན་གཞུང་གིས་རྒྱལ་སྲུང་མཚོ་དམག་གྲུ་གཟེངས་གཉིས་གསར་སྣོན་བྱས་ཏེ་རྒྱ་ནག་གཞུང་གི་དམག་ཤུགས་འཇིགས་སྐུལ་ལ་ནུས་པ་ཡོད་རྒུ་བཏོན་ནས་ཁ་གཏད་གཅོག་རྒྱུ་ཡིན་ལུགས་བསྒྲགས་འདུགདེ་རིང་ཐའེ་ཝན་གཞུང་གིས་མངའ་ཁོངས་སྲུང་སྐྱོབ་ཆེད་མཚོ་དམག་གྲུ་གཟིངས་ (PFG-1112 Ming Chuan) དང་ (PFG-1115 Feng Chia) རྟགས་ཅན་གཉིས་ཐའེ་ཝན་རྒྱ་མཚོའི་ནང་གསར་གཏོང་གི་མཛད་སྒོ་བསྡུས་ཡོད་པ་དང་། སྐབས་དེར་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་ (Tsai Ing-wen) ལགས་ཀྱིས་ཐའེ་ཝན་གྱི་བདག་དབང་ལ་རྒྱ་ནག་གཞུང་གིས་དམག་ཤུགས་འཇིགས་སྐུལ་ཐེབས་ཀྱི་ཡོད་པ་དང་། མོ་རང་གིས་དབུ་འཁྲིད་པའི་ཐའེ་ཝན་གཞུང་གིས་དམག་དོན་ཐད་ནུས་པ་ཡོད་རྒུ་འདོན་རྒྱུ་ཡིན་སྐོར་གསུངས་འདུག

སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་ལགས་ཀྱིས། རྒྱལ་སྲུང་དམག་གྲུ་འདི་གཉིས་གསར་སྣོན་བྱས་པ་བརྒྱུད་ང་ཚོས་འཛམ་གླིང་ལ་བརྡ་ལན་གསལ་པོ་ཞིག་སྟོན་འདོད་ཡོད་པ་དང་། དེ་ནི་ང་ཚོས་རང་ཉིད་ཀྱི་གོ་མཚོན་གྱི་ནུས་ཤུགས་གོང་མཐོང་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་པ་མ་ཟད། ཐའེ་ཝན་གྱི་བདེ་སྲུང་དང་མི་མང་གི་རང་དབང་། དམངས་གཙོའི་འགྲོ་ལུགས་བཅས་ལ་འགན་ལེན་བྱེད་ཀྱི་ཡོད་སྟབས། གོམ་གང་ཡང་ཕྱི་སྣུར་བྱ་རྒྱུ་མིན། ཞེས་གསུངས་འདུག

ཡང་ཁོང་གིས། དམག་གྲུ་གཉིས་དེ་གསར་སྣོན་བྱེད་དགོས་པའི་རྒྱུ་མཚན་ནི་རྒྱ་གཞུང་གིས་ཡང་དང་བསྐྱར་དུ་ཐའེ་ཝན་གླིང་ཕྲན་གྱི་བདག་དབང་ལ་ཐེ་གཏོགས་བྱེད་ཀྱིན་ཡོད་པ་དང་། ས་གནས་ཀྱི་བདེ་འཇགས་དང་ཞི་བདེ་ལ་གཏོར་སྐྱོན་གཏོང་གི་ཡོད་པ་དེར་མཐའ་གཅིག་ཏུ་ཁ་གཏད་གཅག་ནས་ཐའེ་ཝན་གྱི་བདེ་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་ལམ་བརྒྱུད་གནས་ཚུལ་རྫུན་མ་སྤེལ་ཏེ། ཐའེ་ཝན་གཞུང་དང་བཟོ་གྲྭ་ཁག་ལ་གནོད་འཚེ་གཏོང་ཐབས་བྱེད་བཞིན་པར་འགོག་རྒོལ་བྱ་རྒྱུ་ཡིན་སྐོར་གསུངས་འདུག

ཐའེ་ཝན་གཞུང་གིས་རྒྱལ་སྲུང་ཆེད་ཨ་རི་སོགས་ནས་དམག་གྲུ་ཐེངས་མང་ཉོས་ཡོད་པ་དང་། ད་ལན་གསར་སྣོན་བྱས་པའི་དམག་གྲུ་དེ་གཉིས་ཕྱི་ལོ་ ༡༩༨༠ ལོར་ཨ་རིས་བཟོ་སྐྲུན་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྐབས་གྲོས་ཆོད་བཞག་སྟེ་ཕྱི་ལོ་ ༢༠༡༥ ལོར་ཐའེ་ཝན་ལ་ཨ་སྒོར་ས་ཡ་ ༡༩༠ ཙམ་བྱས་ནས་ཕྱིར་ཚོང་བྱས་ཡོད་འདུག ཕྱི་ལོ་ ༢༠༡༦ ལོར་དེ་འབྲེལ་གྱི་ཐའེ་ཝན་ཆེད་ལས་མི་སྣ་ཨ་རིར་སྦྱོང་བརྡར་དུ་ཕྱིན་ཡོད་འདུག དམག་གྲུ་དེ་མཚོ་གཏིང་དང་མཚོ་ཁ་གཉི་གར་སྤྱོད་ཆོག་པ་མ་ཟད། ཁྱད་ཆོས་འདྲ་མིན་ལྡན་པའི་མེ་ཤུགས་འཕུར་མདེལ་སོགས་ཀྱང་འཁྱེར་གཏོང་ཐུབ་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༡/༠༨

Leave a Reply

One thought on “ཐའེ་ཝན་གོམ་གང་ཕྱི་སྣུར་བྱ་རྒྱུ་མིན།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    འཛམ་གླིང་དམག་ཆེན་གསུམ་པའི་སྔོན་འཐོན་སྒྲ་སྒྲིག་མ་རེད་དམ་ཧཧཧ