དགོང་ཚོགས་ཁང་དུ་མི་གསོད་དོན་རྐྱེན་བྱུང་།

ཨ་རིའི་ཁ་ལི་ཧྥོ་ནེ་ཡའི་དགོང་ཚོགས་ཁང་ཞིག་ཏུ་གྱོན་གོས་ནག་པོ་གྱོན་པའི་སྐྱེས་པ་ཞིག་གིས་གང་བྱུང་མེ་མདས་བརྒྱབས་ཏེ་མི་བཅུ་གྲངས་ཤིག་བསད་པ་དང་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་བཟོས་རྗེས་རང་ཤི་བརྒྱབས་ཡོད་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  ཁ་སང་ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནེ་ཡའི་ལྷོ་རྒྱུད་གྲོང་ཁྱེར་ལོ་སི་ཨན་ཇལ་གྱི་ཉེ་འཁྲིས་དགོང་ཚོགས་ཁང་(Borderline)ཞིག་ཏུ། སློབ་ཕྲུག་གཙོ་བོར་གྱུར་བའི་ཁྱོན་མི་གྲངས་ ༢༠༠ ཙམ་འདུ་འཛོམས་ཀྱིས་རོལ་དབྱངས་འཁྲབ་སྟོན་ལ་ལྟད་མོ་ལྟ་བཞིན་པའི་སྐབས་སུ། གློ་བུར་དུ་གྱོན་པ་ནག་པོ་གོན་ཞིང་མེ་མདའ་ཐོག་པའི་སྐྱེས་པ་ཞིག་ནང་དུ་འཛུལ་ཏེ། སྒོ་སྲུང་བ་བསད་པ་ལྟད་མོ་བའི་ནང་གང་བྱུང་མེ་མདས་བརྒྱབས་ཏེ། ཉེན་རྟོག་པ་ ༡ དང་མི་མང་ ༡༡ བཅས་ཁྱོན་མི་གྲངས་ ༡༢ རྐྱེན་ལམ་དུ་བཏང་བ་དང་། མི་༡༠ ལྷག་ལ་རྨས་སྐྱོན་བཟོས་ཏེ་སྨན་བཅོས་བྱེད་བཞིན་ཡོད་འདུག

 མི་གསོད་དོན་རྐྱེན་བྱུང་རྗེས་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས། དོན་རྐྱེན་ཁྲོད་རྐྱེན་འདས་སུ་ཕྱིན་པ་དང་ཁོ་ཚོའི་ཁྱིམ་མི་ཚོར་གདུང་སེམས་མཉམ་སྐྱེད་དང་མྱ་ངན་ཞུ་བཞིན་ཡོད། ལྷག་པར་དུ་ད་རེས་ཀྱི་དོན་རྐྱེན་སྐབས་ཉེན་རྟོག་པས་སོ་སོའི་སྲོག་ལ་མ་འཛེམས་པར་དཔའ་ངར་ཆེན་པོས་མི་མང་སྐྱོབ་ཐབས་བྱས་པ་དེར་ཡིད་རང་དང་། ཉེན་རྟོག་པ་རོན་ཧེ་ལོ་སི་(Ron Helus)ལགས་སྨན་ཁང་ནས་འདས་གྲོངས་སུ་ཕྱིན་པར་གདུང་སེམས་མཉམ་སྐྱེད་ཡོད། ཅེས་བརྗོད་ཡོད་པ་དང་། རྐྱེན་འདས་ཕྱིན་པ་རྣམས་ལ་མྱ་ངན་མཚོན་ཕྱིར་ཕོ་བྲང་དཀར་པོའི་རྒྱལ་དར་ཉིན་ ༡ རིང་ཕྱེད་མར་ཕབ་ཡོད་འདུག

ཡང་མེ་མདའི་དོན་རྐྱེན་སྐོར་ལ་དམངས་གཙོ་ཚོགས་པའི་མགོ་འཁྲིད་ལྕམ་ནེ་སི་པོལ་སི་ལགས་ཀྱིས། ང་ཚོའི་སྲང་ལམ་དང་ལྷ་ཁང་། དེ་བཞིན། མི་མང་འདུ་འཛོམས་བྱེད་ཡུལ་སོགས་སུ་མེ་མདའི་དྲག་སྤྱོད་ཁྲོད་བྱིས་པ་མང་པོ་ཞིག་ཞེད་སྣང་ངང་གནས་དགོས་ཐུག་གི་ཡོད་པ་དང་།  ལྷག་པར་དུ་ཨ་རིིའི་མི་མང་ཉིན་རེ་བཞིན་མེ་མདའི་འཇིགས་སྣང་འོག་གནས་དགོས་ཀྱི་ཡོད་པའི་དཀའ་ངལ་འདི་མཚམས་འཇོག་བྱེད་རན་འདུག  ཅེས་གསུངས་ཡོད་པ་རེད།

ཉེན་རྟོག་པས་ཤེས་རྟོགས་བྱུང་བ་ལྟར་ན། མེ་མདའ་རྒྱག་མཁན་གྱི་མིང་ལ་ཨིན་ཌཱ་ཝི་ཌི་ལོང་(Ian David Long)ཟེར་ཞིང་། ད་ལྟ་རང་ལོ་ ༢༨ ཡིན་འདུག ཁོ་ནི་ཕྱི་ལོ་ ༢༠༠༨ ནས་ ༢༠༡༨ བར་ཨ་རིའི་ཨབ་གྷན་ནེ་སི་ཐན་ནང་མངག་གཏོང་བྱས་པའི་དམག་མི་ཞིག་ཡིན་པ་དང་། དེ་སྔོན་ཁོའི་སེམས་ཁམས་བདེ་ཐང་མིན་པའི་གནས་སྟངས་འོག་ཉེན་རྟོག་པས་སྨན་ཁང་དུ་འཁྲིད་དེ་བརྟག་དཔྱད་རིམ་པ་བྱས་སྐབས། སྨན་པས་ཁོའི་སེམས་ཁམས་བདེ་ཐང་ཡིན་པའི་ངོས་འཛིན་བྱས་ཏེ་ཉེན་ཁ་གང་ཡང་མེད་སྐོར་བཤད་ཡོད་པས་འཛིན་བཟུང་བྱས་མེད་པ་དང་། ད་ལན་ཁོས་དམར་གསོད་དོན་རྐྱེན་བཟོས་རྗེས་རང་ཤི་བརྒྱབས་ཡོད་འདུག

ཁ་སང་གི་མེ་མདའི་དོན་རྐྱེན་ཁྲོད། ན་ནིང་ཕྱི་ཟླ་ ༡༡ པའི་ནང་བྱུང་བའི་ཨ་རིའི་གྲོང་ཁྱེར་ལྰ་སི་ཝི་གྷ་སིའི་མེ་མདའི་དོན་རྐྱེན་སྐབས་ཡོད་པའི་མི་མང་པོ་ཡོད་པ་དང་། མེ་མདའི་དོན་རྐྱེན་ཐེངས་གཉིས་ཀྱི་ཁྲོད་ནས་ཐར་བའི་ནེ་ཁོ་ལ་སི་ཆམ་ཕེན་ཟེར་བ་ཞིག་གིས། ང་ལ་ཁྱིམ་ཚང་ཆེན་པོ་ཞིག་ཡོད། འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ངའི་ཁྱིམ་ཚང་མེ་མདའི་དྲག་སྤྱོད་ཐེངས་གཉིས་འོག་ཚུད་སོང་། ཞེས་བརྗོད་ཡོད་པ་དང་།  ཡང་མདང་དགོང་རྐྱེན་འདས་སུ་ཕྱིན་པའི་སའོ་ཟན་ཨོར་ཧྤ་ནོ་སི་ཟེར་བ་ཞིག་གི་ཨ་མས། ན་ནིང་མེ་མདའི་དོན་རྐྱེན་སྐབས་ངའི་བུ་ནང་ལ་ལོག་བསླེབས་བྱུང་། འོན་ཀྱང་། མདང་དགོང་ཁོ་ནང་ལ་བསླེབས་མ་བྱུང་བས། ངའི་བརྗོད་འདོད་པའི་སྐད་ཆ་ནི་མེ་མདའ་མཚམས་འཇོག་བྱེད་རོགས། ཞེས་གཞུང་ནས་མང་ཚོགས་དཀྱུས་མར་མེ་མདའ་འཁྱེར་ཆོག་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་འདུག

ས་གནས་ཉེན་རྟོག་ཁང་གིས། ད་ལན་རྐྱེན་འདས་སུ་ཕྱིན་པའི་ཉེན་རྟོག་པ་རོན་ཧེ་ལོ་སི་(Ron Helus)ལགས་གྲོངས་པ་དེར་ང་ཚོ་བློ་འགྱོད་སྐྱེ་ཡི་ཡོད། མི་མང་སྲུང་སྐྱོབ་ཆེད་ཁོང་འདས་གྲོངས་སུ་གྱུར་བ་ནི་གཟི་བརྗིད་ལྡན་པ་ཞིག་ཆགས་ཡོད།  ཅེས་བརྗོད་ཡོད་པ་རེད།

 དོན་རྐྱེན་བྱུང་ཡུལ་དགོང་ཚོགས་ཁང་(Borderline)དེ་ནི་ཁ་ལི་ཧྥོ་ནེ་ཡའི་ལོའོ་ཐི་རན་(Lutheran)གཙུག་ལག་སློབ་གཉེར་ཁང་དང་ཕེ་ཕེར་ཌི་ནེ་(Peperdine)གཙུག་ལག་སློབ་གཉེར་ཁང་། དེ་བཞིན། མོར་པ་ཁུ་(Moorpark)མཐོ་སློབ་བཅས་སློབ་གཉེར་ཁང་མང་པོའི་ཐག་ཉེར་ཡོད་སྟབས། ནམ་རྒྱུན་ནས་དེ་རུ་སློབ་མ་མང་པོ་ཡོང་གི་ཡོད་པ་མ་ཟད། ས་གནས་དེར་གྲགས་ཆེ་བའི་དགོང་ཚོགས་ཁང་ཞིག་ཀྱང་ཡིན་འདུག

ན་ནིང་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ཨ་རིའི་ནུབ་རྒྱུད་མངའ་སྡེ་ནེ་བཱ་དྷའི་(Nevada)གྲོང་ཁྱེར་ལཱ་སི་བི་གྷ་སི་(Las Vegas)ལ་བསྡུས་པའི་རོལ་དབྱངས་མཚན་ཚོགས་ཤིག་ཏུ།  ལོ་ན་ ༦༤ ཡིན་པའི་མིང་ལ་སི་ཊི་ཧྥིན་པཱ་ཌོ་ཁུ(Stephen Paddock)ཟེར་བ་ཞིག་གིས་མི་ཚོགས་ནང་གང་བྱུང་མེ་མདས་བརྒྱབས་ཏེ་ཉུང་མཐར་ལྟད་མོ་བ་ ༥༩ རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་ ༥༢༧ ལ་རྨས་སྐྱོན་བཟོས་ཏེ། ཕྱི་ལོ་ ༡༩༤༩ ནས་རྩིས་པའི་ཨ་རིའི་དེང་རབས་ལོ་རྒྱུས་ནང་གི་མེ་མདའི་དམར་གསོད་དོན་རྐྱེན་ཚབས་ཆེ་ཤོས་ཆགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༡/༠༩

Leave a Reply

One thought on “དགོང་ཚོགས་ཁང་དུ་མི་གསོད་དོན་རྐྱེན་བྱུང་།

  1. ཧ ཧ ཨ་རི་ལ་ཡོད་པའི་བོད་པ་ཚང་ ཟབ་ཟབ་བྱོས། སྔ་མོ་བོད་པ་ཀླན་ལྐུག་ རྩ་མེད་ག་རེ་ ཨ་རི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་མཐོང་བའི་ལོ་རྒྱུ་འབྱུང་ཡོད། ད་ བདེ་བ་ཅན་གྱི་ཞིང་ཁམས་གང་འདྲ་འདུག ད་ལྟ་ཀླན་ལྐུག་ཁྱེད་རང་ཚོའི་ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་བརྩིས་ས་འདི་ མེ་མདའ་ གོ་མཚོན་བཟོ་གྲྭའི་ཞིང་ཁམས་རེད་དོ། ཟབ་ ཟབ་ ཟབ་ བཀྲ་ཤིས་བདེ་ལེགས།།