ལྡི་ལིའི་མཁའ་རླུང་ལ་ཛ་དྲག་མྱུར་སྐྱོབ་བྱས།

རྒྱ་གར་གྱི་འོད་སྣང་དུས་ཆེན་སྐབས་ཤོག་སྦག་ཕོན་ཆེན་བཀད་པའི་རྐྱེན་གྱིས་མཁའ་རླུང་འབག་བཙོག་གི་ཚད་རིམ་མཐོ་ཤོས་སུ་བསླེབས་ནས་ལྡི་ལིར་ཛ་དྲག་མྱུར་སྐྱོབ་དགོས་པའི་བཀའ་ཁྱབ་བསྒྲགས།ཟླ་འདིའི་ཕྱི་ཚེས་ ༧ ཉིན་ནས་རྒྱ་གར་རྒྱལ་ཡོངས་ནང་འོད་སྣང་དུས་ཆེན་(Diwali)དུ་ཁེལ་ཡོད་པ་དང་། སྐབས་དེར་རྒྱ་གར་ས་ཕྱོགས་གང་སར་མཆོད་མེ་དང་གློག་ཁྲ་སྤར་བ། དེ་བཞིན་རྒྱུན་རིང་ནས་གོམས་སྲོལ་དུ་གྱུར་བའི་ཤོག་སྦག་ཕོན་ཆེན་བཀད་དེ་མཁའ་རླུང་འབག་བཙོག་ཐེབས་པའི་གནས་ཚུལ་ལོ་རེ་བཞིན་ཚབས་ཆེ་རུ་འགྲོ་བཞིན་ཡོད་སྟབས། འདི་ལོར་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་འོད་སྣང་དུས་ཆེན་སྐབས་དགོང་མོའི་ཆུ་ཚོད་ ༨ ནས་ ༡༠ བར་གྱི་ཆུ་ཚོད་གཉིས་རིང་། འོད་མདངས་དང་གནོད་རྫས་ཉུང་ཞིང་། ཚགས་སྒྲ་ཆུང་བའི་ཤོག་སྦག་ལྗང་ཁུའི་རིགས་(Green Crackers) མ་གཏོགས་བཀད་མི་ཆོག་པའི་ཡོངས་ཁྱབ་བཀའ་རྒྱ་བསྒྲགས་ཡོད་ཀྱང་། མི་མང་གིས་དོ་འཁུར་མ་བྱས་པར་རྒྱུན་རིང་ཤོག་སྦག་བཀད་པར་བརྟེན། ཁ་སང་ཕྱི་ཚེས་ ༨ ཉིན་ལྡི་ལིའི་ཞོགས་པའི་མཁའ་རླུང་གནོད་ཚབས་ཆེ་བའི་རྫས་རྡུལ་གྱིས་བཏུམས་ཏེ། ལོ་འདིའི་མཁའ་རླུང་འབག་བཙོག་གི་ཚད་རིམ་མཐོ་ཤོས་སུ་བསླེབས་ཡོད་པ་རེད།

རྒྱ་གར་རླུང་ཁམས་སྤུས་ཚད་དང་གནམ་གཤིས་སྔོན་བརྡ་ཞིབ་འཇུག་བསྟི་གནས་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། འོད་སྣང་དུས་ཆེན་རྗེས་ལྡི་ལིའི་མཁའ་རླུང་སྤུས་ཚད་ཉེན་བྲལ་ཚད་གཞི་ལས་ལྡབ་བཅུ་འཕར་ཡོད་པ་དང་། ས་ཁུལ་རེ་འགར་མཁའ་རླུང་སྤུས་ཚད་ ༩༩༩ ལ་ཟིན་ཡོད་པ་དང་། རྒྱ་གར་འབག་བཙོག་སྟངས་འཛིན་ལྷན་ཁང་(Central Pollution Control Board)གིས་བརྗོད་ན། འོད་སྣང་དུས་ཆེན་གྱི་དགོང་དྲོའི་ཆུ་ཚོད་ ༧ པ་ཙམ་ནས་མཁའ་རླུང་འབག་བཙོག་ཏུ་འགྱུར་མགོ་བརྩམས་ཡོད་པ་དང་། དང་ཐོག་མཁའ་རླུང་སྤུས་ཚད་ ༢༩༡ ནས་ཆུ་ཚོད་ ༡༠ པ་ཙམ་ལ་མཁའ་རླུང་སྤུས་ཚད་ ༢༩༦ ལ་འཕར་ཡོད་འདུག དེ་མིན་ལྡི་ལི་དང་ས་འབྲེལ་ཡིན་པའི་གྷུ་རུ་ག་རམ་དང་ཎོ་ཡ་ཌ་ས་ཁུལ་ཏུ་ཡང་མཁའ་རླུང་འབག་བཙོག་གི་ཚད་རིམ་མཐོན་པོར་བསླེབས་ཡོད་འདུག

རྒྱ་གར་རྒྱལ་ཡོངས་ནང་འོད་སྣང་དུས་ཆེན་གཙོས་པའི་དུས་ཆེན་ཆེ་ཁག་ནང་ཤོག་སྦག་བཀད་པའི་གོམས་སྲོལ་ཤུགས་ཆེན་ཡོད་པར་བརྟེན། རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གནོད་ཚབས་ཆེ་བའི་ཤོག་སྦག་རིགས་ཚོང་འགྲེམ་བཀག་པ་དང་། འོད་སྣང་དུས་ཆེན་སྐབས་ཆུ་ཚོད་གཉིས་རིང་མ་གཏོགས་ཤོག་སྦག་བཀད་མི་ཆོག་པའི་ཁྲིམས་བཟོས་པ་མ་ཟད། དབུས་དང་ལྡི་ལི་གཞུང་གིས་འོད་སྣང་དུས་ཆེན་དང་སྟབས་བསྟུན་གྱིས་ཕྱི་ཟླ་ ༡༡ པའི་ཚེས་ ༡ ནས་ ༡༠ བར་ཉིན་བཅུའི་རིང་ཁོར་ཡུག་འབག་བཙོག་གྱི་ལས་འགུལ་རིགས་ལ་སྟངས་འཛིན་ཚགས་ཚུད་ཡོང་ཆེད་དམིགས་བསལ་ལས་འགུལ་ཞིག་མགོ་བརྩམས་ཡོད་ཅིང་། ས་གནས་སོ་སོའི་ཉེན་རྟོག་རུ་ཁག་ངོས་ནས་ཀྱང་ཁྲིམས་ཞིབ་ཁང་གི་ཁྲིམས་སྒྲིག་ལག་བསྟར་དོན་འཁྱོལ་ཡོང་རྒྱུ་དང་། ཁྲིམས་འགལ་རིགས་ལ་གུ་ཡངས་མི་སྤྲོད་པའི་ཉེན་བརྡ་བཏང་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཁང་(WHO)གི་ལོ་གཅིག་ནང་རླུང་ཁམས་འབག་བཙོག་གི་རྫས་ PM2.5. མང་ཤོས་ཀྱི་འཛམ་གླིང་གི་གྲོང་འཁྱེར་ ༢༠ ནང་རྒྱ་གར་གྱི་གྲོང་འཁྱེར་ ༩ ཡོད་པ་དང་། ལྡི་ལི་ནི་གྲོང་འཁྱེར་ ༢༠ ཁྲོད་ཀྱི་རླུང་ཁམས་འབག་བཙོག་གི་ཨང་རིམ་ ༦ པ་དེ་ཡིན་འདུག སྤྱིར་འོད་སྣང་དུས་ཆེན་སྐབས་རྒྱ་གར་བྱང་ཕྱོགས་ཁུལ་དུ་རླུང་ཁམས་འབག་བཙོག་གི་ཚད་རིམ་མཐོན་པོར་སོན་གྱི་ཡོད་པ་དེ། ཤོག་སྦག་བཀད་པ་ཁོ་ནས་མ་ཡིན་པར་དུས་སྐབས་དེར་པན་ཇབ་དང་ཧར་ཡ་ན་མངའ་སྡེའི་ནང་ས་ཞིང་མེར་བསྲེགས་བཏང་བའི་དུ་བ་དང་། ནམ་རྒྱུན་མོ་ཊའི་དུ་བ། འཛུགས་བསྐྲུན་དང་བཟོ་གྲྭ་ཁག་ནས་ཐོན་པའི་དུད་རྫས་རིགས་དང་། དེ་བཞིན་སྐབས་འཕྲལ་གནམ་གཤིས་ཀྱི་རྐྱེན་པས་འབག་རྫས་རྣམས་མཁའ་རླུང་ནང་འཁོར་བསྡད་པའི་རྐྱེན་གྱིས་ཡིན་འདུག

པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༡/༠༩

Leave a Reply