འཕྲུལ་མི་གསར་འགྱུར་སྙན་སྒྲོན་པ་བཟོས།

རྒྱ་ནག་གིས་འཕྲུལ་མི་གསར་འགྱུར་སྙན་སྒྲོན་པ་གཉིས་གསར་གཏོད་བྱས་ཏེ་ཤིན་ཧྭ་གསར་ཁང་གི་རྒྱ་སྐད་དང་དབྱིན་སྐད་ཀྱི་གསར་འགྱུར་སྒྲོག་སྦྱང་བྱེད་པར་བཀོལ་སྤྱོད་བྱེད་ཀྱི་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༧ ནས་ ༩ བར་རྒྱ་ནག་ནང་འཛམ་གླིང་དྲ་རྒྱ་སྐོར་གྱི་ལོ་འཁོར་ཚོགས་ཆེན་ཚོགས་ཡོད་པ་དང་བསྟུན། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་དང་དྲ་རྒྱ་འཚོལ་བཤེར་མ་ལག་ (Sogou.com) གཉིས་མཉམ་འབྲེལ་གྱིས་བཟོས་པའི་ཆེས་ཐོག་མའི་མི་གཟུགས་འཕྲུལ་ཆས་ཀྱི་གསར་འགྱུར་སྙན་སྒྲོན་པའི་ལས་ཀ་མགོ་འཛུགས་བྱས་ཡོད་པ་དང་། འཕྲུལ་མི་དེ་གཉིས་ཀྱིས་ཆེད་གཉེར་གསར་འགྱུར་སྙན་སྒྲོན་པ་ལྟར་གསར་འགྱུར་སྙན་སྒྲོན་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། ལས་མཚམས་འཇོག་མི་དགོས་པར་ཉིན་མཚན་བསྟུད་མར་ལས་ཀ་བྱེད་ཐུབ་ཀྱི་ཡོད་སྐོར་བསྒྲགས་འདུག

ཆེས་མཐོའི་ལག་རྩལ་ལས་ཐོན་པའི་འཕྲུལ་མི་སྙན་སྒྲོན་པ་དེ་གཉིས་སྐྱེས་པའི་གཟུགས་སུ་བཟོས་ཤིང་།  མཆུ་སྒྲོས་འགུལ་སྟངས་དང་། ཉམས་འགྱུར་སོགས་མི་ངོ་མ་ཞིག་དང་འདྲ་བོ་ཡོད་ལ། ད་ལྟ་ཞིན་ཧྭ་གསར་ཁང་གི་རྒྱ་སྐད་དང་དབྱིན་སྐད་ཀྱི་གསར་འགྱུར་སྙན་སྒྲོན་པའི་ལས་ཀར་བཀོལ་བཞིན་ཡོད་པ་དང་། འཕྲུལ་མི་གསར་འགྱུར་སྙན་སྒྲོན་པ་གསར་གཏོད་བྱས་པ་དེས་གསར་འགྱུར་ལས་རིགས་ཁྲོད་འགྲོ་གྲོན་དང་ལས་ཚགས་ཉུང་འཕྲི་གཏོང་བར་ཕན་ཐོགས་ཆེན་པོ་ཡོད་སྐོར་བརྗོད་འདུག

ཁ་སང་དབྱིན་སྐད་ཀྱི་འཕྲུལ་མི་སྙན་སྒྲོན་པ་དེས་ཐོག་དང་པོར་གསར་འགྱུར་སྙན་སྒྲོན་བྱས་ཡོད་པ་དང་། ཁོས་ངོ་སྤྲོད་ནང་ངའི་མ་ལག་ནང་ཡི་གེ་ཆད་མེད་ངང་གཏགས་པ་ཡིན་ན། ངས་འབད་བརྩོན་ལྷོད་མེད་ངང་ཁྱེད་ཅག་ལ་གནས་ཚུལ་མཁོ་སྤྲོད་བྱ་ངེས་ཡིན་ལ། ངས་ཁྱེད་ཅག་ལ་གསར་འགྱུར་གྱི་ཉམས་མྱོང་གསར་པ་ཞིག་སྤྲོད་འདོད་ཡོད། ཅེས་བརྗོད་འདུག

ཨ་རིའི་ཨོ་སི་ཧྥོ་ཊི་གཙུག་ལག་སློབ་གཉེར་ཁང་ (University of Oxford) གི་སློབ་དཔོན་མེ་ཁལ་ཝུའུ་ཌིར་ཇི་ (Michael Wooldridge)ལགས་ཀྱིས་བྷི་བྷི་སི་གསར་ཁང་ལ། སྙན་སྒྲོན་པ་དེས་རང་བཞིན་གྱི་ཉམས་འགྱུར་སྟོན་ཐུབ་པར་འབད་བརྩོན་བྱས་འདུག་ན་ཡང་། བརྙན་དེར་སྐར་མ་འགའ་ལས་ལྟ་ཐུབ་རྒྱུ་ཁག་པོ་འདུག འཕྲུལ་མིའི་སྐད་ཆར་འགྱུར་ཁུག་མེད་པ་དང་གཙོ་འདོན་མི་བྱེད་པ། གདངས་གཅིག་ལས་མེད་པ་དང་། གལ་སྲིད་ང་ཚོས་འགུལ་རིས་ཤིག་ལ་བལྟས་པ་དང་བསྡུར་ཚེ། སྙན་སྒྲོན་པ་འདི་དང་ང་ཚོའི་བར་གྱི་འབྲེལ་བ་རྩ་བ་ནས་མཐུད་ཐུབ་ཀྱི་མེད་པ་རེད། ཅེས་བརྗོད་འདུག

སྤྱི་ཚོགས་དྲ་ལམ་ཊེ་ཝེ་ཊིར་ནང་སྙན་སྒྲོན་པ་དེས་སྙན་སྒྲོན་བྱས་པའི་བརྙན་ཐུང་འོག་མཆན་འདྲ་མིན་སྣ་ཚོགས་བཀོད་པའི་ནང་།  རེ་འགས་གཞུང་གིས་གནས་ཚུལ་ཚོད་འཛིན་བྱེད་ཀྱི་ཡོད་པ་དང་གནས་ཚུལ་དེ་རྒྱང་སྲིང་བྱེད་པར་མི་གཟུགས་འཕྲུལ་ཆས་ཤིག་དགོས་ཀྱི་ཡོད་པ་རེད་ཟེར་བ་དང་། འཛམ་གླིང་གི་མི་འབོར་ཆེ་ཤོས་རྒྱ་ནག་ལ་མི་གཟུགས་འཕྲུལ་ཆས་སྤྱོད་ཀྱིན་པ་ནི་མིའི་ལས་ཀར་མི་གཟུགས་འཕྲུལ་ཆས་ཀྱིས་བཙན་འཛུལ་བྱས་པ་མ་རེད་དམ། རྒྱ་ནག་གི་གསར་འགོད་པ་དང་མི་གཟུགས་འཕྲུལ་ཆས་ཀྱི་གསར་འགོད་པ་གཉིས་ཀྱི་བར་ལ་ཁྱད་པར་གང་ཡང་མཐོང་གི་མེད་ཚུལ་སོགས་ཟུར་ཟ་སྐྱོན་བརྗོད་བྱེད་མཁན་འདུག་ལ། ཡང་ལ་ལས་དཔེ་ཡག་པོ་འདུག་སྟེ་སྐད་དང་གདོང་གི་ཉམས་འགྱུར་བར་ཅུང་མཐུན་པོ་བྱུང་ན་འགྲིག་ཡོད་པ་དང་། ཁོང་ནི་མི་ངོ་མ་ཞིག་དང་ཁྱད་པར་མེད་སྐོར་སོགས་བརྗོད་ཀྱི་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༡/༠༩

Leave a Reply

One thought on “འཕྲུལ་མི་གསར་འགྱུར་སྙན་སྒྲོན་པ་བཟོས།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    ཤེས་བྱ་མཐའ་མེད་ནམ་མཁའ་སྟོང་པ་འདྲ་།
    རིག་པ་གཏིང་མེད་མཐའ་ཡིས་རྒྱ་མཚོ་འདྲ་།
    འདི་ནས་རྩིས་པའི་མི་ལོ་གསུམ་རྒྱའི་རྗེས་།
    མངལ་སྐྱེས་རྫུས་སྐྱེས་མིན་པའི་འཕྲུལ་སྐྱེས་འཕེལ་།