ང་ཚོའི་འཐུང་ཆུ་འཕྲོག་པར་ངོ་རྒོལ་ཡོད།

རྒྱ་ནག་གཞུང་གིས་བོད་ཅོ་ནེ་རྫོང་བསེ་ཚང་ཡུལ་ཚོའི་འཐུང་ཆུ་ཁ་བསྒྱུར་རྒྱུ་ཡིན་པའི་བཀའ་རྒྱ་བསྒྲགས་པར་བརྟེན་ས་གནས་མི་མང་འདུ་འཛོམས་ཀྱིས་ངོ་རྒོལ་བྱེད་ཀྱི་འདུག
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་བསེ་ཚང་ཡུལ་ཚོའི་ནང་། རྒྱ་ནག་གཞུང་གི་མགོ་འཁྲིད་མང་པོ་ཡོང་སྟེ་ཡུལ་ཚོ་དེའི་ནང་ཡོད་པའི་རྒྱུག་ཆུ་ཁ་བསྒྱུར་གྱིས། ཧྲིན་གཙང་ཡུལ་ཚོ་དང་བ་ཙེ་རྫོང་དུ་འཐུང་ཆུར་འདྲེན་དགོས་པའི་བཀའ་རྒྱ་བསྒྲགས་པར་བརྟེན། ཁ་སང་ནས་བཟུང་ས་གནས་མི་མང་ཡུལ་དངོས་སུ་འདུ་འཛོམས་ཀྱིས་ཞི་རྒོལ་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་ས་གནས་སུ་ཉེན་རྟོག་རླངས་འཁོར་མང་པོ་འབྱོར་ཏེ་སྲིད་གཞུང་གི་བཀའ་ལ་མི་ཉན་མཁན་ཡོད་ན་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་གཏོང་བཞིན་ཡོད་ཀྱང་། ཡུལ་མིར་གཅར་རྡུང་བྱས་པའི་གནས་ཚུལ་གོ་ཐོས་མི་འདུག

ས་གནས་མི་མང་གིས་ཡུལ་མི་ཚོའི་རེ་འབོད་སེམས་ཀྱི་མིག་ཆུ་ཞེས་པའི་ཡེ་གེ་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་བཀྲམས་པའི་ནང་། ཉེ་ལམ་ཕ་ཡུལ་ཨ་འཁོར་ནས་ཡིན་པའི་ཧྲིན་གཙང་ཡུལ་ཚོའི་མགོ་འཁྲིད་སངས་ཞེས་པའི་ཁྱི་རྒན་འདིས་ཡུལ་ཚོ་དང་རྫོང་སོགས་ཀྱི་མགོ་འཁྲིད་མང་པོ་ཞིག་ངེད་ཚོའི་སྡེ་བའི་ནང་ཁྲིད་ཡོང་སྟེ། བཙན་དང་དབང་གིས་ངེད་ཅག་གི་དྭངས་གཙང་ཆུ་མོ་དེ་ཧྲིན་གཙང་ཡུལ་ཤོ་དང་བ་ཙེ་རྫོང་ལ་འཐུང་ཆུར་འདྲེན་རྒྱུ་ཡིན་ཟེར། ཁ་ལ་མི་ཉན་མཁན་ཡོད་ན་བཙོན་ལ་བཅུག་རྒྱུ་ཡིན་ཟེར། ཆུ་དེ་རྫོང་གཅིག་དངཡུལ་ཚོ་གཅིག་ལ་དྲང་ན་ངེད་ཚོའི་ཡུལ་མི་དང་ནོར་ལུག་ཚོས་ཅི་ཞིག་འཐུང་རྒྱུར་ཡུལ་ཚོའི་མགོ་འཁྲིད་ཚོས་སེམས་འཁུར་བྱས་ཨེ་མྱོང་། ཞེས་བརྗོད་འདུག

ཡང་ཡེ་གེ་དེའི་ནང་གང་ལྟར་རྒྱུ་མཚན་དང་རྒྱུ་རྐྱེན་ཅིའི་ཕྱིར་ང་ཚོའི་ཡུལ་གྱི་ཆུ་དེར་འདྲེན་དགོས་སོང་བ་རེད། ལོ་ངོ་འདི་དག་གི་རིང་ལ་ཁྱེད་ཚོའི་རྫོང་དང་ཡུལ་ཚོའི་འཐུང་ཆུ་ཚར་སོང་ངམ། ང་ཚོའི་ཆུ་དེ་ལ་དྲང་བར་སང་མགོ་འཁྲིད་ཀྱིས་དེ་ལ་ག་རེ་བྱས་ནས་མགོ་འཁྲིད་དགོས་པ་རེད། ང་ཚོར་ཅིའི་ཕྱིར་རང་ས་རང་ཡུལ་གྱི་ཆུ་ལ་བདག་དབང་མེད་སོང་བ་རེད། བྱ་བ་འདིའི་རྒྱབ་ན་ཡོད་ཚད་ཀྱིས་ཤེས་མི་རུང་བའི་གསང་བ་ཆེན་པོ་ཞིག་ཡོད་དམ། ཞེས་དང་། མཇུག་ཏུ་ཏང་གི་མགོ་འཁྲིད་དང་བོད་རིགས་སྤུན་ཟླ་ཚོས་འདིའི་ཕྱོགས་ལ་གཟབ་གཟབ་གནང་དགོས་པ་དང་། གནས་ཚུལ་འདི་བརྒྱུད་སྐུར་མང་ཙམ་བྱས་ཏེ་བྱ་བ་འདིའི་རྒྱབ་ཀྱི་གསང་བ་ཕྱིར་འཕུད་རོགས། ཞེས་རེ་སྐུལ་གནང་འདུག

འབྲེལ་ཡོད་ཅིག་གིས་འདི་གར་ཡུལ་དངོས་ཀྱི་བརྙན་ཐུང་མང་པོ་བསྐུར་བའི་ནང་། བོད་མི་ཞིག་གིས་ཚང་མས་ལྟོས་དང་། དེ་རིང་ཕྱི་དྲོར་ང་ཚོའི་སྡེ་བའི་ནང་རྒྱ་མི་འདི་འདྲ་མང་པོ་ཞིག་བསླེབས་སོང་། ཡུལ་ཚོའི་མགོ་འཁྲིད་སང་གིས་མགོ་འཁྲིད་ནས་ང་ཚོའི་སྡེ་བའི་ཆུ་འཕྲོག་གི་འདུག་ཅེས་བརྗོད་སོང་བ་དང་། བརྙན་ཐུང་ཁག་གི་ནང་དུ་སྡེ་བའི་ནང་རླངས་འཁོར་ཧ་ཅང་མང་པོ་ཞིག་བསླེབས་འདུག་པ་དང་ཡུལ་མི་མང་པོ་འདུ་འཛོམས་གནང་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༡/༡༢

Leave a Reply