སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་རྙིང་པ་གཏོང་མི་ཆོག

རྒྱ་གར་ཧི་མ་ཅཱ་མངའ་སྡེ་གཞུང་གིས་སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་རིགས་ཚང་མ་བེད་སྤྱོད་བཏང་ནས་ལོ་ ༡༥ འགོར་རྗེས་གཏོང་མི་ཆོག་པའི་ཐག་གཅོད་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན། རྒྱ་གར་ཧི་མ་ཅཱལ་མངའ་སྡེ་གཞུང་གིས་སློབ་གྲྭ་ཁག་གི་སྤྱི་སྤྱོད་རླངས་འཁོར་ལོ་ ༡༥ ཕྱིན་པ་ཚང་མ་གཏོང་མི་ཆོག་པ་དང་། དེ་བཞིན་སློབ་ཕྲུག་གི་བདེ་འཇགས་ཆེད་རླངས་འཁོར་ཁ་ལོ་བ་རང་ལོ་ ༦༠ ལས་བརྒལ་མི་ཆོག་པ་བཟོས་འདུག

ཧི་མ་ཅཱལ་མངའ་སྡེ་གཞུང་གི་མགྲིན་ཚབ་པས་གཞུང་གིས་སློབ་ཕྲུག་གི་བདེ་འཇགས་ཆེད་དུ་དུས་ཡུན་རིང་པོ་འགོར་ཟིན་པའི་རླངས་འཁོར་ཚང་མ་གཏོང་མི་ཆོག་པ་བཟོས་ཡོད་པ་དང་། ད་ལོར་ཧི་མ་ཅཱལ་མངའ་སྡེའི་ནང་སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་བརྡབ་སྐྱོན་བྱུང་ནས་སློབ་ཕྲུག་མང་པོ་རྐྱེན་འདས་སུ་སོང་ཡོད་པ་དཔེར་ན། འདི་ལོའི་ཕྱི་ཟླ་ ༤ ནང་ཧི་མ་ཅཱལ་གང་རཱ་རྫོང་ཁོངས་སུ་སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་ཞིག་བརྡབ་སྐྱོན་བྱུང་ནས་སློབ་ཕྲུག་ ༢༤ རྐྱེན་འདས་སུ་ཕྱིན་ཡོད་སྐོར་བརྗོད་འདུག

མངའ་སྡེའི་འགྲིམ་འགྲུལ་སྐྱེལ་འདྲེན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཇེ་དྷི་ཤི་ཤར་མཱ(Jagdish Sharma)ལགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྒྲིག་གཞི་གསར་པ་དེའི་འོག་སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་གཏོང་མཁན་ཚོར་རླངས་འཁོར་ཆེན་པོ་རིགས་ལོ་ ༥ ལ་བཏང་བའི་ཉམས་མྱོང་དང་། རླངས་འཁོར་ཁ་ལོ་བས་ལོ་རེ་བཞིན་མིག་ལ་བརྟག་དཔྱད་ཐེངས་རེར་དགོས་པ། དེ་བཞིན་སློབ་གྲྭ་ཡོངས་སྤྱི་སྤྱོད་རླངས་འཁོར་རྣམས་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་རིགས་ཀྱི་བཟོ་ལྟ་དང་ཆ་རྐྱེན་ཚང་དགོས་སྐོར་སོགས་བརྗོད་འདུག

གཞན་ཡང་། སྤྱི་སྤྱོད་རླངས་འཁོར་ཚང་མའི་ནང་དུ་བརྙན་མིག་འཕྲུལ་ཆས་འཇོག་དགོས་པ་དང་། རླངས་འཁོར་གྱི་མགྱོགས་ཚད་ཆུ་ཚོད་ ༡ ནང་སྤྱི་ལེ་ ༤༠ དང་། རླངས་འཁོར་ཚང་མའི་སྒེའུ་ཁུང་ངོས་སུ་ལྕགས་ཁྲ་འགེལ་དགོས་པ། དེ་བཞིན་རླངས་འཁོར་ནང་གི་འདུག་སྟེགས་རྣམས་མི་གཅིག་གི་ཚད་གཞི་ལྟར་བཟོ་དགོས་པ་དང་། རླངས་འཁོར་ཁ་ལོ་བ་དང་ཞབས་ཞུ་བ་གཉིས་ཀྱིས་སྒྲིག་ཆས་གྲལ་དག་གྱོན་ཞིང་། གྱོན་གོས་ངོས་སུ་རང་ཉིད་ཀྱི་མིང་འབྲི་དགོས་པ་བཟོས་ཡོད་འདུག

རྒྱ་གར་ནང་སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་ཙམ་མ་ཡིན་པར་སྤྱི་དམངས་སྐྱེལ་འདྲེན་རླངས་འཁོར་རིགས་བེད་སྤྱོད་གཏོང་ཆོག་པའི་དུས་ཡུན་ལས་བརྒལ་ཟིན་པ་ཧ་ཅང་མང་པོ་མུ་མཐུད་བེད་སྤྱོད་གཏོང་བཞིན་ཡོད་པའི་རྐྱེན་གྱིས། ལོ་རེར་རླངས་འཁོར་བརྡབ་སྐྱོན་མང་པོ་བྱུང་གི་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་རྒྱ་གར་གཞུང་གི་གྲངས་ཐོ་ལྟར་ན། ལོ་དེར་རླངས་འཁོར་གློ་བུར་དུ་འཐོར་ཞིག་ཏུ་ཕྱིན་པ་དང་། བརྡབ་སྐྱོན་བྱུང་བ་སོགས་ཀྱིས་མི་ ༤༦༤༩༡༠ ལྷག་རྐྱེན་འདས་སུ་ཕྱིན་པ་དང་། དེ་ལས་མང་བར་རྨས་སྐྱོན་བཟོས་ཡོད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༡/༡༢

Leave a Reply