རྒྱ་གར་གཞུང་གིས་ཐོངས་མཆན་མ་སྤྲད་པའི་སྐད་ཆ་དེ་བདེན་པ་མ་རེད་ཟེར།

རྒྱལ་བ་༧ཀརྨ་པ་རིན་པོ་ཆེ་མཆོག་བླ་ཆེན་རྣམ་པའི་ཚོགས་ཆེན་ཐོག་ཕེབས་འཆར་གྱིས་ཨ་རིའི་ནང་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་ལ་ཐོངས་མཆན་ཞུས་ཏེ་གྲོས་བསྡུར་འགྲོ་བཞིན་པ་ཡིན་སྐོར་བརྗོད་བྱུང་།
གསར་འགྱུར་བརྒྱུད་ལམ་ཁག་དང་སྤྱི་ཚོགས་དྲ་ལམ་ཁག་ཏུ་རྒྱལ་བ་༧ཀརྨ་པ་རིན་པོ་ཆེ་མཆོག་གིས་ཌོ་མི་ནི་ཁ་(Dominica)རྒྱལ་ཁབ་ཀྱི་མི་སེར་ལག་འཁྱེར་བཞེས་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༢༩ ནས་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་བར་བཞུགས་སྒར་དྷ་རམ་ས་ལར་འཚོགས་འཆར་ཡོད་པའི་བླ་ཆེན་ཁག་གི་ལྷན་ཚོགས་ཐོག་ཕེབས་པར་རྒྱ་གར་གཞུང་ནས་ནང་འཛུལ་ཐོངས་མཆན་སྤྲོད་ཀྱི་མེད་པའི་གནས་ཚུལ་ཐོན་པ་ལྟར། འདི་གའི་གསར་འགོད་པས་མཚུར་ཕུ་བླ་བྲང་གི་དྲུང་ཆེ་ཀརྨ་རྡོ་རྗེ་རྣམ་རྒྱལ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་གནས་ཚུལ་དེ་ཚོ་བདེན་པ་མིན་སྐོར་བརྗོད་བྱུང་།

མཚུར་ཕུ་བླ་བྲང་གི་དྲུང་ཆེ་ཀརྨ་རྡོ་རྗེ་རྣམ་རྒྱལ་ལགས་ཀྱིས་གསར་འགོད་པར། གནས་ཚུལ་དེ་དག་ཁུངས་ལྡན་མིན་ལ། གནས་ཚུལ་དེ་རིགས་ཀྱིས་སྤྱི་ཚོགས་ནང་གོ་ནོར་ཐེབས་འཇུག་གི་འདུག རིན་པོ་ཆེ་མཆོག་གིས་ཕྱི་རྒྱལ་ཌོ་མི་ནི་ཁའི་མི་སེར་ལག་འཁྱེར་བཞེས་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢༩ ནས་ཟླ་ ༡༢ པའི་ཚེས་ ༡ བར་དྷ་རམ་ས་ལར་འཚོགས་གཏན་འཁེལ་བའི་བླ་ཆེན་ཁག་གི་ཚོགས་འདུའི་ཐོག་ཕེབས་ཆེད། ཨ་རིའི་ནང་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་ལ་ཐོངས་མཆན་ཞུས་ཡོད་པ་དང་། ད་ལྟའི་ཆར་གཞུང་ཚབ་ཁང་གི་འགྲོ་སྟངས་ཤིག་གི་ཆ་ནས་སྤྲད་མེད་པ་ལས། རྩ་བ་ནས་སྤྲད་རྒྱུ་མིན་པའི་ཐག་གཅོད་གང་ཡང་གནང་མེད་ལ། ད་ལྟའི་ཆར་འབྲེལ་ཡོད་གོང་རིམ་དང་གྲོས་བསྡུར་བྱེད་བཞིན་པའི་སྒང་ལ་ཡོད། ཅེས་བརྗོད་བྱུང་།

ཡང་བརྒྱུད་ལམ་ཁག་ནང་རྒྱལ་བ་༧ཀརྨ་པ་རིན་པོ་ཆེ་མཆོག་གིས་ཌོ་མི་ནི་ཁའི་མི་སེར་ལག་འཁྱེར་བཞེས་པའི་རྐྱེན་གྱིས་རྒྱ་གར་གཞུང་ནས་བོད་མི་སྐྱབས་བཅོལ་བར་གནང་བའི་ཕྱི་བསྐྱོད་ལག་འཁྱེར་ (IC)ཕྱིར་སློག་གནང་ཡོད་ཀྱང་བླངས་མེད་སྐོར་ཡོང་བཞིན་པའི་སྐོར་ལ་ཁོང་གིས། གནས་ཚུལ་དེ་ཡང་ཁུངས་ལྡན་ཞིག་རྩ་བ་ནས་མིན་པ་དང་། རིན་པོ་ཆེ་མཆོག་གིས་རྒྱ་གར་གཞུང་གི་ཁྲིམས་ལུགས་ལྟར། ཕྱི་བསྐྱོད་ལག་འཁྱེར་སེར་པོ་དེ་ཨ་རིའི་རྒྱ་གར་གཞུང་ཚབ་ཁང་བརྒྱུད་ཕྱིར་སློག་གནང་ཡོད་ཀྱང་། གཞུང་ཚབ་ཁང་རང་གིས་འགྲོ་ལུགས་ཏན་ཏན་ཞིག་མ་ཤེས་པའི་རྐྱེན་གྱིས་ད་བར་འགོར་འགྱངས་སོང་བ་ལས། མི་ལེན་པའི་ཐག་གཅོད་གང་ཡང་བྱས་ཡོད་པ་མ་རེད། སྤྱིར་བོད་མི་ཕལ་ཆེ་བས་ལྡི་ལི་སྐུ་ཚབ་དོན་གཅོད་བརྒྱུད་ཕྱི་བསྐྱོད་ལག་འཁྱེར་ཕྱིར་སློག་བྱེད་ཀྱི་ཡོད་སྟབས། དེར་འགོར་འགྱངས་སོགས་ཀྱི་དཀའ་ངལ་གང་ཡང་མེད་ཀྱང་ད་ཐེངས་ཨ་རིའི་རྒྱ་གར་གཞུང་ཚབ་བརྒྱུད་ཕུལ་ཡོད་པས་ཅུང་འགོར་འགྱངས་བྱུང་ཡོད་པ་རེད། ཅེས་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༡༡ ཉིན་ཧྥ་རན་སིའི་དབེན་གནས་ཤིག་ཏུ། རྒྱལ་བ་༧ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་། ཀརྨ་པ་མཐའ་ཡས་རྡོ་རྗེ་རྣམ་གཉིས་ནས་མཇལ་འཕྲད་གནང་བར་བརྟེན། རྒྱ་དཀར་ནག་གཉིས་ཀས་རྒྱལ་བ་༧ཀརྨ་མཆོག་གི་སྐོར་ལ་དོ་སྣང་སྔར་ལྷག་བྱེད་པའི་མགོ་བཙུགས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༠ ནང་རྒྱ་གར་རྒྱལ་ལ་ལྡི་ལི་རུ་རྒྱ་དཀར་ནག་གི་འཐུས་ཚབ་བར་གྲོས་མོལ་གནང་སྐབས། རྒྱ་ནག་གི་འཐུས་ཚབ་རྣམས་ཀྱིས་ཀརྨ་པ་རྣམ་གཉིས་ཀྱི་མཇལ་འཕྲད་སྐོར་ནས་གླེང་སློང་མི་ཉུང་བ་ཞིག་བྱས་ཡོད་པ་དང་། ཡང་ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཧིན་རྡུ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཟླ་མཇུག་ཙམ་ལ་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཨ་ཇི་ཏེ་ཌོ་ཝལ་(Ajit Doval)ལགས་རྒྱ་ནག་ནང་སྐོར་སྐྱོད་དུ་ཕེབས་འཆར་ཡོད་པ་ལྟར། ཁོང་མ་ཕེབས་གོང་ལ་བོད་དོན་རྟོག་ཞིབ་ཚན་པ་(Tibet Study Group)ནང་ཁུལ་ལ་ཀརྨ་པ་མཆོག་གི་མཇལ་འཕྲད་སྐོར་ལ་ཆེས་མཐོའི་ཚོགས་འདུ་ཞིག་བསྐོངས་ཡོད་པ་དང་། བོད་དོན་རྟོག་ཞིབ་ཚན་པ་དེས་ཆེད་དམིགས་རྒྱལ་བ་༧ཀརྨ་པ་མཆོག་གི་སྐོར་ལ་རྟོག་ཞིབ་བྱས་ཏེ་གྲུབ་དོན་རྣམས་དབུས་གཞུང་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༠༠ ལོར་༧རྒྱལ་བ་ཀརྨ་པ་མཆོག་བཙན་བྱོལ་དུ་ཕེབས་པ་ནས་བཟུང་རྒྱ་གར་གཞུང་གིས་ཁོང་རྒྱ་གར་ནང་ལོགས་ནས་ཡར་མར་ཕེབས་པ་ལའང་སྟངས་འཛིན་གནང་ཡོད་ཀྱང་།  ཕྱི་ལོ་༢༠༠༨ ལོར་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཐེངས་དང་པོར་ཨ་རིར་ཕེབས་ཡོད་པ་དང་། དེ་ནས་ཡུ་རོབ་སོགས་སུ་ཕེབས་ཡོད་པ་རེད། མུ་དྷི་གཞུང་ནས་འབྲས་ལྗོངས་ཀྱི་རུམ་བཏེག་དགོན་ཕུད་པའི་རྒྱ་གར་རྒྱལ་ཡོངས་ཀྱི་ས་གནས་གང་དུའང་ཕེབས་ཀྱང་ཕེབས་ཆོག་སྐོར་གསུངས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་བོད་དོན་སློབ་སྟོན་པ་སྐུ་ཞབས་ཨཱ་མེཊ་བྷ་མཱ་ཐར(Amitabh Mathur)ལགས་ཀྱིས། རྒྱ་གར་གཞུང་ནས་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ལ་དོགས་པ་གང་ཡང་མེད་ལ། ཁོང་གི་བོད་དོན་འཐབ་རྩོད་ཀྱི་ཐུགས་སྐྱེད་དམ་བཅར་བློ་དོགས་མེད་ཀྱང་། ཁོང་ཕར་ཚུར་ཕེབས་སྐབས་སྐུའི་བདེ་འཇགས་སྲུང་སྐྱོབ་ལ་གྲ་སྒྲིག་ཡོང་ཆེད་རྒྱ་གར་གཞུང་ལ་སྙན་གསེང་ཞུ་དགོས་པ་ལས་ཆོག་མཆན་ཞུ་དགོས་ཀྱི་མེད་སྐོར་གསུངས་ཡོད་པ་རེད།

པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༡/༡༣

Leave a Reply