ཁ་ལི་ཧྥོ་ནེ་ཡའི་ནང་མེ་སྐྱོན་ཚབས་ཆེན་བྱུང་།

ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནེ་ཡའི་ནང་ཉིན་གྲངས་མང་པོར་མེ་སྐྱོན་བྱུང་སྟེ་ཉུང་མཐར་ཡང་མི་གྲངས་ ༣༡ རྐྱེན་འདས་དང་། མི་ ༢༠༠ ལྷག་བོར་བརླག ཁང་པ་ ༦༧༠༠ ལྷག་མེས་འཚིག་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༨ ཉིན་ནས་བཟུང་ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནེ་ཡའི་བྷ་ཊི་(Butte)རྫོང་པཱ་རཱ་ཌི་སི་(Paradise)གྲོང་ཚོ་ནས་མགོ་འཛུགས་ཏེ། མངའ་སྡེ་དེའི་ལྷོ་བྱང་གཉིས་སུ་ས་ཁྱོན་ཨེ་གར་གྲུ་བཞི་མ་འབུམ་ ༡།༡ ལྷག་ལ་མེ་སྐྱོན་ཤོར་ཏེ། ཉུང་མཐར་ཡང་མི་གྲངས་ ༣༡ རྐྱེན་འདས་དང་། མི་ ༢༠༠ ལྷག་བོར་བརླག ཁང་པ་ ༦༧༠༠ ལྷག་མེས་འཚིག་ཡོད་པ་དང་། ཡུལ་མི་འབུམ་ ༣ ལྷག་ཛ་དྲག་ངང་གནས་སྤོར་དགོས་བྱུང་ཡོད་པ་རེད་འདུག རླུང་ཤུགས་ཆེ་བའི་རྐྱེན་གྱིས་ད་ལྟའང་མེ་གསོད་མ་ཐུབ་པར་མུ་མཐུད་འབར་གྱི་ཡོད་པ་དང་། མངའ་སྡེ་ཡོངས་ཀྱི་མི་མང་གིས་ཡིད་གཟབ་དགོས་པའི་ཛ་དྲག་ཉེན་བརྡ་བཏང་འདུག

ཁ་ལོ་ཧྥོ་ནེ་ཡའི་ནགས་ཚལ་དང་མེ་སྐྱོན་སྲུང་སྐྱོབ་ཚན་པའི་སྤྱི་ཁྱབ་འགན་འཛིན་སི་ཁོ་ཊི་ཇལ་བྷར་ཊི་(Scott Jalbert)ལགས་ཀྱིས།  གཟའ་མཇུག་འདིར་ཁ་ལི་ཧྥོ་ནེ་ཡའི་ནང་མེ་སྐྱོན་ཚབས་ཆེན་བྱུང་སྟེ་ཁང་པ་སྟོང་ཕྲག་མང་པོ་མེས་འཚིགས་པ་དང་།  མི་མང་པོ་རྐྱེན་འདས་དང་མེ་གསོད་རུ་ཁག་གི་མི་ ༥ ལ་རྨས་སྐྱོན་ཕོག་ཡོད། ཅེས་བརྗོད་འདུག

ཁ་ལི་ཧྥོ་ནེ་ཡ་མངའ་སྡེའི་མགོ་འཁྲིད་ཇེ་རེ་བྷི་རོན་(Jerry Brown)ལགས་ཀྱིས་སྲིད་འཛིན་ཊོམ་ཕུར་ཞུ་ཡིག་ཅིག་བཏང་སྟེ། ཁ་ལི་ཧྥོ་ནེ་ཡ་མངའ་སྡེར་ཨ་རིའི་གཞུང་ནས་ཛ་དྲག་རོགས་སྐྱོར་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་ནའང་། ཊོམ་ཕུས་ནགས་ཚལ་དོ་དམ་ཡག་པོ་བྱས་ཚེ། ང་ཚོས་མེ་སྐྱོན་འདི་སེལ་ཐུབ་ཀྱི་ཡོད། དེར་བརྟེན། རིག་པ་སྒྲིམ་དགོས་ཞེས་ཁ་ལི་ཧྥོ་ནེ་ཡའི་ནགས་ཚལ་དང་མེ་གསོད་རུ་ཁག་གིས་དོ་དམ་དང་ལས་འགན་སྒྲུབ་ཕྱོགས་ཡག་པོ་མེད་སྐོར་བརྗོད་ཡོད་འདུག

བརྒྱུད་ལམ་ཁག་གི་གནས་ཚུལ་ནང་། ད་ལན་གྱི་མེ་སྐྱོན་ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཐོག་མར་(Paradise)གྲོང་ཚོ་ནས་མགོ་འཛུགས་ཀྱིས་གྲོང་ཚོ་ཁག་ ༨ ནང་ཉིན་གསུམ་རིང་བསྟུད་མར་འབར་ཡོད་པ་དང་།  མེ་སྐྱོན་འོག་གཙོ་ཆེ་བ་རི་དང་ཤིང་ནགས། ནགས་གསེབ་ཁྲོད་ཀྱི་ཁང་པ་སོགས་མེར་འཚིགས་ཡོད་པའི་ཁྲོད། ཨ་རིའི་གཞས་པ་དང་གློག་བརྙན་འཁྲབ་སྟོན་པ་ཁག་ཅིག་གི་ཁང་པའང་མེས་འཚིགས་ཡོད་འདུག་ལ། དེ་བཞིན། ཁ་ལི་ཧྥོ་ནེ་ཡའི་ཚོང་འགྲེམས་ཀྱི་ལྟེ་གནས་ཁང་ ༢༦༠ ལྷག་མེར་འཚིགས་ཡོད་སྐོར་སོགས་བརྗོད་འདུག

ཁ་ལི་ཧྥོ་ནེ་ཡ་ནི་ནགས་ཚལ་རྒྱ་ཆེ་ཞིང་། རང་བྱུང་ཐོན་ཁུངས་ཕྱུག་པོ་ཡོད་པའི་མངའ་སྡེ་ཞིག་ཡིན་ཡང་། མེ་རི་སོགས་ཀྱིས་ལོ་ལྟར་མེ་སྐྱོན་ཚབས་ཆེན་བྱུང་བཞིན་ཡོད་སྟབས། རྒྱུན་པར་མེ་ཡི་དུས་ཚིགས་ཞེས་འབོད་སྲོལ་ཡོད་པ་ལྟར་དུས་ཚིགས་རེ་རེའི་ཁྲོད་མི་དང་རྒྱུ་དངོས་གཉིས་ལ་གྱོང་གུད་ཧ་ཅང་ཚབས་ཆེན་ཕོག་གི་ཡོད་འདུག འདི་ལོར་ཁ་ལི་ཧྥོ་ནེ་ཡའི་ནང་མེ་སྐྱོན་ཆེ་ཆུང་ཐེངས་ ༧༥༧༩ ཤོར་ཏེ་ས་ཁྱོན་ཨེ་ཀར་གྲུ་བཞི་མ་ས་ཡ་ ༡།༦ ལ་གནོད་སྐྱོན་ཐེབས་ཡོད་སྟབས། མེ་གསོད་དང་མི་དམངས་སྲུང་སྐྱོབ་སོགས་ཀྱི་ཆེད་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ ༢།༩ ལྷག་བཏང་ཡོད་འདུག་ལ། འདི་ལོར་མེ་སྐྱོན་ཁྲོད་མི་ ༣༤ དང་མེ་གསོད་པ་མི་ ༦ བཅས་མི་གྲངས་ ༤༠ རྐྱེན་འདས་དང་མི་༤༤ ལ་རྨས་སྐྱོན་ཕོག་ཡོད་འདུག ན་ནིང་ལོ་དང་བསྡུར་ན་གནོད་སྐྱོན་ཅུང་ཆུང་བ་ཡོད་འདུག  ན་ནིང་མངའ་སྡེའི་ནང་རྒྱུ་རྐྱེན་སྣ་ཚོགས་འོག་མེ་སྐྱོན་ཐེངས་ ༩༡༣༣ བྱུང་སྟེ། ས་ཁྱོན་ཨེ་ཀར་གྲུ་བཞི་མ་ས་ཡ་ ༡།༣ ལྷག་མེས་འཚིགས་ཡོད་པ་དང་། མི་ ༤༧ རྐྱེན་འདས་དང་མི་ ༢༡༡ ལ་རྨས་སྐྱོན་བཟོས་པ་དང་།  སྲུང་སྐྱོབ་སོགས་ཀྱི་ཆེད་ཨ་སྒོར་ཐེར་འབུམ་ ༡༨ ཕྱིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༡/༡༢

Leave a Reply