འབྲི་ཆུ་འགག་པ་གློད་ཡོད་པས་ཆུ་ལོག་རྒྱུག་ཉེན་འདུག

སང་ཉིན་ནས་འབྲི་ཆུའི་སྨད་རྒྱུད་ཀྱི་ཆུའི་བཞུར་ཤུགས་ཆེ་ཤོས་ཆགས་ཏེ་ཆུ་ལོག་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ་བའི་ཉེན་བརྡ་བཏང་འདུགདེ་རིང་ཕྱི་ཚེས་ ༡༢ ཉིན། རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། དེ་རིང་ཞོགས་པའི་བོད་ནང་གི་ཆུ་ཚོད་ ༤ ཐོག འཇོ་མདའ་རྫོང་སྤོ་ལི་བལ་དཀར་གྲོང་ཚོའི་འབྲི་ཆུའི་འཁྱིལ་མཚོ་གློད་མགོ་བཙུགས་ཡོད་པ་དང་།  དེ་རིང་ཞོགས་པར་རྒྱ་གཞུང་གི་ཆུ་ལོག་འགོག་སྲུང་ཚན་པས་སང་ཉིན་ནས་འབྲི་ཆུའི་སྨད་རྒྱུད་ཀྱི་ཆུའི་བཞུར་ཤུགས་ཆེ་ཤོས་ཆགས་ཏེ་ཆུ་ལོག་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ་པས་གཟབ་གཟབ་དགོས་པའི་ཛ་དྲག་གི་ཉེན་བརྡ་བཏང་འདུག

དེ་རིང་ཞོགས་པ་ནམ་ལངས་རྗེས་ཀྱི་ཡུལ་དངོས་བརྙན་ཐུང་ཞིག་ཏུ། འཁྱིལ་མཚོའི་ཁར་བརྐོས་པའི་ཡུར་བའི་ནང་དུ་ཆུ་ཕྲ་བོ་ཞིག་བཞུར་གྱི་ཡོད་པ་མཐོང་གི་འདུག་ལ། འདི་གའི་གསར་འགོད་པས་ཆུ་བཏང་རྗེས་ས་གནས་ཀྱི་གནས་སྟངས་ག་འདྲ་ཆགས་ཡོད་མེད་སོགས་འབྲེལ་ཡོད་མང་པོར་སྐད་ཆ་དྲིས་ཀྱང་། གཞུང་ཕྱོགས་ཀྱི་བརྒྱུད་ལམ་ནས་འཁྱིལ་མཚོ་གློད་རྒྱུ་ཡིན་པའི་གནས་ཚུལ་བསྒྲགས་པ་མ་གཏོགས་གཞན་ཤེས་རྟོགས་མ་བྱུང་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པ་ལྟར་ན། ཕྱི་ཚེས་ ༨ ཉིན་ནས་ས་བརྐོ་འཕྲུལ་ཆས་ ༥ ཡུལ་དངོས་སུ་འབྱོར་ཏེ་ཡུར་བ་བརྐོས་ཡོད་པ་དང་། རི་ཉིལ་ཐེངས་གཉིས་པ་བྱུང་རྗེས་ལས་མི་ ༡༨༧༦ གིས་ཉིན་མཚན་བསྟུད་དེ་དཀའ་ལས་བརྒྱབས་ནས་འཇོ་མདའ་རྫོང་སྤོ་ལི་ཡུལ་དང་ཡུལ་ཚོའི་སློབ་གྲྭ། ཡུལ་མི་ ༣༤༢༠༠ ཙམ་གནས་སྤོར་བྱས་ཡོད་ན་ཡང་། ཁྱིམ་ཚང་ ༢༥ དང་གཞུང་གི་གྲོང་རྡལ་ཁང་རྩེག་གཅིག དེ་བཞིན་སློབ་གྲྭ་གཅིག་དང་སྨན་ཁང་གཅིག་བཅས་ཆུ་ལོག་གི་ཉེན་ཁའི་ནང་ལྷུང་ཡོད་ཚུལ་བསྒྲགས་ཡོད་ཀྱང་། ཕྱི་ཕྱོགས་སུ་བསླེབས་པའི་བརྙན་ཐུང་ནང་ཡུལ་ཚོ་དང་གཞུང་གི་ལས་ཁུངས་། སློབ་གྲྭ། གྲྭ་ཤག་མང་པོ་ཆུས་ནུབ་ཀྱི་ཡོད་པ་མ་ཟད། དགོན་པའི་འདུ་ཁང་མདུན་དུའང་ཆུ་བླུགས་ནས་ཉེན་ཁ་ཆེན་པོ་ཆགས་འདུག་པས་ཡུལ་མི་རེ་ངུ་བཞིན་ཡོད་པའང་གོ་ཡི་འདུགས་གནས་འབྲེལ་ཡོད་ཅིག་གིས་བརྗོད་པ་ལྟར་ན། གནས་སྤོར་བྱས་ཏེ་གཞུང་གི་སྡོད་གུར་ནང་ཡོད་པའི་ཡུལ་མི་ཚོར་སྟབས་བདེའི་ཐུག་པ་སོགས་བཟའ་བཏུང་ཙག་ཙིག་གིས་རོགས་རམ་བྱེད་ཀྱི་ཡོད་ཀྱང་། གནམ་གཤིས་ཇེ་གྲང་དུ་ཕྱིན་ནས་རི་མགོ་ཚང་མར་ཁ་བ་འབབ་ཀྱི་ཡོད་པས་གུར་ནང་དུ་སྡོར་པར་དཀའ་ངལ་ཆེན་པོ་ཡོད་པ་དང་། ད་ལོའི་དགུན་དུས་དེ་སྡོད་གུར་ནང་དུ་སྐྱེལ་བར་སེམས་འཁུར་ཆེན་པོ་བྱེད་ཡོད་སྐོར་དང་། འབྲི་ཆུ་འགག་པ་དང་ས་གནས་མི་མང་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པའི་པར་རིས་སོགས་གང་བྱུང་ཕྱི་ལ་བསྒྲགས་མི་ཆོག་པ་དང་། གལ་སྲིད་བསྒྲགས་པ་ཡིན་ན་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་སྐོར་བརྗོད་བྱུང་།

སྤྱི་ཚོགས་དྲ་ལམ་ཁག་ནང་རི་ཉིལ་བྱུང་བའི་སྐོར་གྱི་བརྙན་ཐུང་ཞིག་འགྲོ་བཞིན་པའི་ནང་བོད་མི་ཞིག་གིས། འབྲི་ཆུ་འགག་ནས་དེ་རིང་བར་ཉིན་ ༧ འགོར་ཡོད་པ་དང་། ང་ཡོད་པའི་ས་ཆ་འདི་ནི་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་འབྲི་ཤར་མཉམ་ལས་གྱི་ས་ཆ་རེད། ད་ལྟ་ས་ཆ་འདིའི་གནས་ཚུལ་གང་འདྲ་ཡོད་མེད་ནི། འབྲུ་ཆུའི་འོག་ཏུ་འབྲི་ཤར་གྱི་དུད་ཁ་ ༥༦ དང་ཞིང་ས་ཧ་ལམ་རྨིད་ (རྨིད་གྲུ་བཞི་མ་) ༣༠༠ ཁ་ལྷག དེ་བཞིན་འབྲོག་པའི་འཚེར་ས་དང་རྩྭ་ས་སོགས་ཧ་ལམ་རྨིད་ཁྲི་ ༡ ཡས་མས་ཙམ་ཆུའི་ཞབས་ལ་ནུབ་ཡོད་པ་རེད། ས་འདི་བརྒྱུད་ནས་འགྲོ་སའི་ལམ་ཁ་ཞིག་ཡོད་པ་རེད་དེ་བེད་མེད་ཆགས་འདུག ཅེས་བརྗོད་འདུག

ཡང་བརྙན་ཐུང་དེའི་ནང་མི་དེས་ཞི་ཅིན་ཕིན་གྱི་སྣེ་འཁྲིད་པའི་རྒྱ་གཞུང་དང་སི་ཁྲོན་ཞིང་ཆེན་དཔལ་ཡུལ་རྫོང་མི་མང་སྲིད་གཞུང་། གྲོང་རྡལ་འཛུགས་སྐྲུན་ཁང་བཅས་ཀྱིས་ས་གནས་མི་མང་སྡུག་བསྔལ་ལས་གྲོལ་ཐབས་དང་། དཀའ་ངལ་སེལ་ཐབས་བྱེད་དགོས་པའི་རེ་སྐུལ་བྱས་ཡོད་པ་དང་བསྟུན། ས་ཆ་དེའི་ཡར་མར་གཉིས་ནས་ཞིང་པའི་འབྲུ་མཛོད་དང་འབྲོག་ཁྱིམ་ཧ་ལམ་ ༣༠ ཙམ་ཆུས་ནུབ་སྟེ་མཐོང་རྒྱུ་མེད་པར་གྱུར་ཡོད་སྐོར་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༡/༡༢

Leave a Reply