ཉི་ཧོང་ནང་ཞབས་སོར་བདེ་བར་བཀོད།

ཉི་ཧོང་ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་བརྒྱ་ཕྲག་ལྷག་གི་ཕེབས་བསུའི་ཁྲོད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཉི་ཧོང་ནང་ཞབས་སོར་བདེ་བར་བཀོད།ཟླ་འདིའི་ཕྱི་ཚེས་ ༡༢ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལྡི་ལི་ཁུལ་གྱི་མཛད་འཆར་རྣམས་ལེགས་པར་གྲུབ་ཏེ། སིངྒ་པུར་བརྒྱུད་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མའི་གནམ་ཐང་དུ་ཞབས་སོར་བདེ་བར་བཀོད་ཡོད་པ་དང་། གནམ་ཐང་དུ་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་བརྒྱ་ཕྲག་ལྷག་གི་ཕེབས་བསུའི་ཁྲོད་བཞུགས་གནས་མགྲོན་ཁང་དུ་ཕེབས་ཡོད་འདུག

་ཡང་སྐུ་སྒེར་དྲ་བའི་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་ཉི་ཧོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་ཁང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཡོ་ཁོ་ཧ་མ་རྒྱལ་ཡོངས་ཚོགས་ཁང་ (National Convention Hall of Yokohama) དུ་ཤེས་རབ་སྙིང་པོ་དང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག

ཕྱི་ཚེས་ ༡༥ ཉིན་དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀའ་དྲིན་ཆེ་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་ཚན་རིག་མཁས་པ་གསུམ་གྱི་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་བར་བགྲོ་གླེང་ལྷན་ཚོགས་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱང་ནས་བཀའ་སློབ་སྩལ་རྒྱུ། ཕྱི་ཚེས་ ༡༧ ཉིན་ཤེས་རབ་སྐྱེད་ཚལ་གླིང་གི་གོ་སྒྲིག་འོག་ཧེ་བྷི་ཡ་ཚོགས་ཁང་(Hibiya Open Air Concert Hall)ནང་དུ་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ཡིན་ཞེས་པའི་བརྗོད་གཞིའི་ཐོག་གཞོན་སྐྱེས་ཚོར་བཀའ་སློབ་གནང་འཆར་ཡོད་པ་དང་། ཉི་ཧོང་ནང་གི་མཛད་འཆར་ཁག་གྲུབ་རྗེས་ཕྱི་ཚེས་ ༢༥ ཉིན་བཞུགས་སྒར་དུ་ཕྱིར་ཕེབས་རྒྱུ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༡/༡༣

Leave a Reply